ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ཆུ་ལོག་དང་ནད་ཡམས་བྱུང་སྟེ་འབྲུ་རིགས་ཀྱི་དཀའ་ངལ། 


ཧྲན་ཞི་ཞིང་ཆེན་དུ་ཚོང་རྭར་འབྲས་ཉོ་མཁན། ༢༠༡༣།༥།༢༢

༄༅།། ད་ལོ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་པ་དང་དེ་ནས་ཐན་པ་བྱུང་བ། དབྱར་དུས་ཀྱི་ཆར་ཞོད་དུས་སུ་ཆུ་ལོག་བརྒྱུགས་ནས་ས་ཞིང་མུའུ་སྟོང་ཕྲག་མང་པོ་ཆུ་ལོག་གིས་བསྣུབས་ཏེ་སྟོན་ཐོག་བསྡུ་རྒྱུ་མེད་པར་གྱུར། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ལོ་འདིར་མི་གྲངས་དུང་ཕྱུར་༡༤་ལ་འབྲུ་རིགས་འདང་ངེས་མེད་པའི་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁ་འདུག་ཅེས་སྒྲོགས་ཀྱི་ཡོད་ཀྱང་སྲིད་གཞུང་གི་གཞི་གྲངས་ཁག་ཏུ་འབྲུ་རིགས་ཀྱི་དཀའ་ངལ་ཡོད་པ་སྟོན་གྱི་མེད་ཅིང་། ཁ་སྔོན་ཕྱི་ཟླ་༤་པའི་ནང་དུ་རྒྱ་ནག་གཞུང་གིས་ལོ་གཅིག་གི་རིང་དུ་རྒྱལ་ཡོངས་མི་དམངས་ལ་གྲོ་དང་འབྲས། མ་རྨོས་ལོ་ཏོག་དང་སྲན་དཀར་སོགས་འདང་ངེས་ཤིག་གསོག་འཇོག་བྱེད་ཡོད། རྒྱ་ནག་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་དང་ནད་ཡམས་ཁྱབ་གདལ་ཀྱི་དཀའ་ངལ་འཕྲད་ཀྱང་འབྲུ་རིགས་ཀྱིས་མི་འདང་བའི་དཀའ་ངལ་མེད་ཅེས་བསྒྲགས། ཡིན་ནའང་རྒྱ་ནག་གཞུང་གིས་རང་གི་ཞིང་པ་ཚོར་གྲོ་དང་འབྲས། མ་རྨོས་ལོ་ཏོག་རྣམས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་མི་དགོས་པར་རང་ཁ་རང་གསོ་བྱེད་ཐུབ་པའི་འབད་བརྩོན་བྱ་དགོས་ཞེས་བཤད། ཁ་སྔོན་ཕྱི་ཟླ་༧་པར་ཞིས་ཅིན་ཕིང་རྒྱ་ནག་གི་ཅི་ལིན་ཞིང་ཆེན་དུ་ལྟ་ཞིབ་ལ་བསྐྱོད་པའི་སྐབས་སུ་ཞིང་པ་ཚོས་རྒྱ་ནག་ལ་འབྲུ་རིགས་ཀྱི་ཐོན་ཁུངས་ཆད་མི་ཉན་པ་ཞིག་བྱ་དགོས་ཞེས་བསྐུལ། བདུན་ཕྲག་སྔོན་མར་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ལ་ཟ་རྒྱུ་ཆུད་ཟོས་སུ་གཏོང་མི་ཉན་ཞེས་ལམ་སྟོན་ནན་པོ་ཞིག་བྱས་འདུག

ཧི་པེ་ཞིང་ཆེན་གྱི་ཟ་ཁང་ཞིག་ཏུ་ཟ་འབྲུ་གྲོན་ཆུང་བྱ་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པ། ༢༠༢༠།༨།༡༣
ཧི་པེ་ཞིང་ཆེན་གྱི་ཟ་ཁང་ཞིག་ཏུ་ཟ་འབྲུ་གྲོན་ཆུང་བྱ་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པ། ༢༠༢༠།༨།༡༣

ཞིས་ཅིན་ཕིང་གི་ལམ་སྟོན་དེར་རྒྱ་ནག་ལ་འབྲུ་རིགས་འདང་ངེས་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་བཀོད་མེད་ཀྱང་ལམ་སྟོན་དེར་ཟ་ཁང་ལ་བཟའ་བཏུང་བྱེད་དུ་འགྲོ་ན་མི་བཞི་ཡོད་ཀྱང་མི་གསུམ་གྱི་ཟ་རྒྱུའི་ཟས་རིགས་ཤིག་མངགས་ཉོ་བྱེད་ན་ཆོག ཟས་ལྷག་རྣམས་གད་སྙིགས་ནང་དུ་འཕེན་མི་ཉན། རྒྱ་ནག་མི་དམངས་ཀྱིས་ཟ་རྒྱུ་ལ་གྲོན་ཆུང་བྱ་དགོས། རྒྱ་ནག་གི་ཟ་ཁང་ཁག་གིས་ཀྱང་དཀར་སྡེ་ནང་དུ་ཟས་རིགས་ལྡུག་ཚད་ཉུང་དུ་ཐོངས་ཞེས་བཀོད་ཁྱབ་བཏང་ཡོད་པར་མ་ཟད། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ཀྱང་རྒྱ་ནག་གི་སྤྱི་ཚོགས་སུ་ཟས་རིགས་འཕྲོ་བརླག་གཏོང་མཁན་ཚོར་ཁྲིམས་གཅོད་བྱ་དགོས་པའི་ཁྲིམས་ཤིག་གཏན་འབེབས་བྱ་རྒྱུའི་གླེང་སློང་བྱེད་ཀྱི་ཡོད་འདུག དེར་བརྟེན་རྒྱ་ནག་གི་མི་རབས་རྒན་པ་ཚོས་༡༩༥༩་ལོར་རྒྱ་ནག་ལ་མུ་གེ་ཆེན་པོ་ཞིག་བྱུང་བའི་མགོ་སྟོད་དེར་མའོ་ཙེ་ཏུང་གིས་ཟས་རིགས་གྲོན་ཆུང་བྱ་དགོས། ངལ་རྩོལ་རྒྱུག་གི་མེད་པའི་དུས་སུ་ཟ་རྒྱུ་ཉུང་ཉུང་ཟོ་ཞེས་ལམ་སྟོན་བྱས་པ་རྣམས་དྲན་སྐུལ་ཐེབས། དུས་རབས་སྔོན་མར་༡༩༥༩་ནས་༡༩༦༡་བར་དུ་རྒྱ་ནག་ལ་ལོ་གསུམ་གྱི་རིང་དུ་མུ་གེ་ཆེན་པོ་ཞེས་འབོད་པ་ཞིག་བྱུང་སྟེ་མི་གྲངས་ས་ཡ་མང་པོ་བཀྲེས་ལྟོགས་ཀྱིས་ཤི། ལོ་གསུམ་གྱི་མུ་གེ་ཆེན་པོ་དེ་རྒྱ་ནག་གི་མི་རབས་གཅིག་གིས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་མི་དམངས་ལ་འབྲུ་རིགས་འདང་ངེས་མེད་པ་སྦ་གསང་བྱེད་ཀྱི་ཡོད་ཀྱང་ལོ་འདིའི་མགོ་སྟོད་དེར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཀྱིས་ས་ཞིང་འདེབས་ལས་བྱ་རྒྱུ་དེར་བར་ཆད་བྱུང་བ་དང་དེ་ནས་ཐན་པ་བྱུང་བ། དབྱར་དུས་ཆུ་ལོག་བརྒྱུགས་ཏེ་རྒྱ་ནག་གི་ཞིང་ལས་ཐོན་སྐྱེད་རྣམས་ཆུ་ལོག་གིས་བསྣུབས་པ་སྦ་གསང་བྱ་ཐབས་བྲལ། ཞི་ཅིན་ཕིང་གི་ལམ་སྟོན་དེ་ཚོས་རྒྱ་ནག་ལ་འབྲུ་རིགས་འདང་ངེས་མེད་པའི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་ར་འཕྲོད་ཅེས་གླེང་།།

རྒྱ་ནག་གི་རྒྱལ་ཡོངས་འབྲུ་རིགས་གསོག་འཇོག་ཁང་གིས་༢༠༡༩་ལོའི་ཕྱི་ཟླ་༨་པའི་ནང་དུ་རང་ཡུལ་གྱི་ཞིང་པའི་ལག་ལེན་ནས་འབྲུ་རིགས་ཊོན་ས་ཡ་༤༢་དང་གྲངས་ཆུང་༩་ཉོ་སྒྲུབ་བྱས་ཀྱང་༢༠༢༠་ལོའི་ཕྱི་ཟླ་༨་པའི་ཚེར་༥་ཉིན་རྒྱ་ནག་གི་རྒྱལ་ཡོངས་འབྲུ་རིགས་གསོག་འཇོག་ཁང་གིས་ཞིང་པའི་ལག་ནས་འབྲུ་རིགས་ཊོན་ས་ཡ་༩་དང་གྲངས་ཆུང་༤་ལས་ཉོ་སྒྲུབ་བྱས་མེད་པའི་གནས་ཚུལ་ཐོན། སྔ་ལོ་ཧེ་ནན་ཞིང་ཆེན་གཞུང་གིས་འབྲུ་རིགས་གྲོ་ཊོན་ས་ཡ་༩་དང་གྲངས་ཆུང་༡་ཉོ་སྒྲུབ་བྱས་ཀྱང་ལོ་འདིར་འབྲུ་རིགས་གྲོ་ཊོན་ས་ཡ་༥་དང་གྲངས་ཆུང་༤་ལས་ཉོ་སྒྲུབ་བྱས་མེད་པ་དེ་ལ་བལྟས་ཚེ། ད་ལོ་རྒྱ་ནག་གཞུང་ལ་རང་གི་ཞིང་པའི་ལག་ནས་འབྲུ་རིགས་ཉོ་རྒྱུ་མེད་པའི་རྟགས་མཚན་ཞིག་ཐོན་འདུག འདི་དང་དུས་མཚུངས་སུ་རྒྱ་ནག་གིས་ཕྱི་རྒྱལ་ནས་འབྲུ་རིགས་ནང་འདྲེན་བྱ་རྒྱུ་མང་དུ་སོང་འདུག དཔེར་ན་ལོ་འདིའི་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་༧་པ་བར་དུ་རྒྱ་ནག་གིས་ཕྱི་རྒྱལ་ནས་འབྲུ་རིགས་ཊོན་ས་ཡ་༧༤་དང་གྲངས་ཆུང་༥༡་ནང་འདྲེན་བྱས་ཤིང་། སྔ་ལོའི་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་༧་པའི་བར་དུ་རྒྱ་ནག་གིས་ཕྱི་རྒྱལ་ནས་འབྲུ་རིགས་ཊོན་ས་ཡ་༢༢་དང་གྲངས་ཆུང་༧་ལས་ནང་འདྲེན་བྱས་མི་འདུག རྒྱ་ནག་གཞུང་གིས་རང་གི་ཞིང་པའི་ལག་ནས་འབྲུ་རིགས་ཉོ་སྒྲུབ་བྱས་པའི་གྲངས་ཚད་ཉུང་དུ་སོང་བ་དང་ཕྱི་རྒྱལ་ནས་འབྲུ་རིགས་ནང་འདྲེན་བྱས་པའི་གྲངས་འབོར་མང་དུ་སོང་བར་གཞིགས་ན་ལོ་འདིར་རྒྱ་ནག་ལ་འབྲུ་རིགས་འདང་ངེས་མེད་པའི་རྟགས་མཚན་གསལ་པོ་འདུག་ཅེས་ཉམས་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

ཅང་ཞི་ཞིང་ཆེན་ལ་ཆུ་ལོག་བརྒྱུགས་པའི་གནས་ཚུལ།
ཅང་ཞི་ཞིང་ཆེན་ལ་ཆུ་ལོག་བརྒྱུགས་པའི་གནས་ཚུལ།

དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་རྒྱལ་ཁབ་ཕལ་མོ་ཆེར་དཀའ་ངལ་འཕྲད་བཞིན་ཡོད་པས་རྒྱ་ནག་གིས་འབྲུ་རིགས་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ལ་འབྲུ་རིགས་ཕྱིར་ཚོང་བྱ་རྒྱུ་ཉུང་དུ་བཏང་འདུག ད་ལོའི་ཕྱི་ཟླ་༦་པ་ནས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དང་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌི་དང་ཝྭི་ཏེ་ནམ། ཁེམ་བྷོ་ཌི་ཡ་དང་ཨུ་རུ་སུ་བཅས་ཀྱིས་རྒྱ་ནག་ལ་གྲོ་དང་སྲན་དཀར། འབྲས་རྣམས་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་གྲངས་ཚད་ཉུང་དུ་བཏང་སྟེ་རྒྱ་ནག་གི་ཁྲོམ་རའི་ནང་དུ་འབྲུ་རིགས་ཀྱི་རིན་གོང་ལྡབ་འགའ་འཕར་གྱི་ཡོད་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོ་བློ་འཚབ་ཡོང་ས་གཙོ་བོ་ཞིག་ནི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་དགྲ་འཛིན་གྱི་སྡང་ཟུག་ཆེ་བ། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་བ་བཟང་པོ་མེད་པར་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་ཀྱི་རྩོད་གླེང་གི་འགལ་ཟླ་ཡོད་པ། རྒྱ་དཀར་ནག་གི་འབྲེལ་བའང་བཟང་པོ་མེད་པར་དམག་འཁྲུག་རྒྱག་རྒྱུའི་གནས་སུ་ལྷུང་ཡོད་པ། ལྷག་པར་དུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་འབྲུ་རིགས་ཕྱིར་ཚོང་བཀག་སྡོམ་བྱ་སྲིད། གལ་སྲིད་རྒྱ་ནག་ལ་མུ་གེ་ཆེན་པོ་ཞིག་བྱུང་སྟེ་མི་དམངས་ཀྱིས་གྱེན་ལོག་བྱུང་ན་རྒྱ་ནག་དམར་ཤོག་སྲིད་གཞུང་མགོ་རྟིག་སློང་སྲིད་པའི་ཉེན་ཁ་ཡོད་པས་པེ་ཅིང་གི་དབང་འཛིན་པ་ཚོས་འབྲུ་རིགས་ཀྱི་དཀའ་ངལ་ཡོད་པ་སྦ་གསང་བྱ་ཐབས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་ལ་འབྲུ་རིགས་འདང་ངེས་མེད་པའི་རྣམ་འགྱུར་སྟོན་མི་དགོས་པ་གཙོ་འདོན་བྱེད་ཀྱི་འདུག་ཅེས་གསར་ཤོག་ཁག་ཏུ་གནས་ཚུལ་བཀོད་འདུག

པེ་ཅིང་འཕྲུལ་རིག་ཉམས་ཞིབ་ཁང་གི་དཔལ་འབྱོར་རིག་པ་བ་ཧུ་ཞཱིང་ཏུག་ཟེར་པ་ཞིག་གིས་རང་གི་དྲྭ་ཚིགས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་སོང་། ཨ་མི་རི་ཀར་ཚོང་དམག་བརྒྱབ་ནས་ཕྱི་རྒྱལ་གྱི་དངུལ་སྒོར་བཀར་འཇུག་བྱས་ཡོད་པ་རྣམས་འཛད་དུ་བཅུག་སོང་། གལ་སྲིད་རྒྱ་ནག་ལ་འབྲུ་རིགས་ཇེ་དཀོན་དུ་སོང་སྟེ་མུ་གེ་བྱུང་ན་མི་འབོར་དུང་ཕྱུར་༡༤་ལ་ཕྱི་རྒྱལ་ནས་འབྲུ་རིགས་ཇི་ལྟར་ཉོ་རྒྱུ་ཡིན་ནམ། རྒྱ་ནག་གི་འབྲུ་རིགས་དགོས་མཁོ་བརྒྱ་ཆ་༨༠་ནས་༩༠་ཙམ་རང་ཡུལ་གྱི་ཞིང་ལས་ཐོན་སྐྱེད་དེས་ཁ་གསོ་ཐབས་ཤིག་མ་བྱུང་ན་རྒྱ་ནག་གིས་ཁུངས་མི་འཁྱོལ་ཞེས་རྩོམ་ཐུང་ཞིག་སྤེལ། ལིའུ་ཞའོ་པོ་ཞེས་པའི་རྒྱ་ནག་གི་དངུལ་རྩའི་ཉམས་ཞིབ་པ་ཞིག་གིས་ཀྱང་རྒྱ་ནག་གི་ཟས་རིགས་གཙོ་བོ་འབྲས་ཡིན་རུང་རྒྱ་ནག་གིས་ལོ་ལྟར་ཕྱི་རྒྱལ་ནས་སྲན་དཀར་དང་སྐམ་ཤ། ལུག་ཤ་དང་བྱ་ཤ། ཕག་ཤ་བཅས་ཊོན་དུང་ཕྱུར་གཅིག་རེ་ནང་འདྲེན་བྱེད་ཀྱི་འདུག ད་དུང་སྟབས་མ་ལེགས་པ་ཞིག་ལ་ལོ་འདིར་འབྲི་ཆུ་བྲུག་ནས་ཆུ་ལོག་བརྒྱུགས་ཏེ་ཧུ་ནན་དང་ཨན་ཧུའི། ཅང་ཞི་སོགས་ཞིང་ཆེན་འགའ་ཞིག་གི་སྟོན་ཐོག་རྣམས་བསྣུབས་སོང་། གོང་འཁོད་ཞིང་ཆེན་ཁག་ལ་སྔ་ལོ་ལྟར་རྒྱལ་ཁབ་ལ་འབྲུ་རིགས་བཙོང་རྒྱུ་བརྒྱ་ཆ་༧༠་ཡས་མས་ཤིག་མེད་པར་གྱུར་འདུག་ཅེས་སྐད་འཕྲིན་ནང་དུ་རྩོམ་ཐུང་ཞིག་སྤེལ་བ་ཨེ་ཤི་ཡའི་དུས་བབ་ཚོགས་པར་དུ་བཀོད། རྒྱ་ནག་ནི་འཛམ་གླིང་འདིའི་འབྲུ་རིགས་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་དེར་གྱུར་ཡོད་པ་རེད།།

XS
SM
MD
LG