ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

རྒྱ་ནག་གིས་སློབ་གྲྭ་ཁག་ཏུ་སོག་པོའི་སྐད་ཡིག་དང་དཔེ་དེབ་བཀག་སྡོམ། 


༄༅།། རྒྱ་ནག་གཞུང་གིས་ནང་སོག་ཀྱི་སློབ་གྲྭ་ཁག་ཏུ་སོག་པོའི་སྐད་ཡིག་དང་སོག་པོའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག གཟའ་འཁོར་སྔོན་མར་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སོག་པོའི་རིག་གཞུང་དང་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་ཚོས་རྒྱ་ནག་གཞུང་གིས་ལོ་༢༠་ཐམ་པའི་ཡར་སྔོན་དུ་སོག་པོའི་བྱུང་རབས་ཀྱི་དེབ་ཕྲེང་ཞིག་དཔར་དུ་བསྐྲུན། ཉེ་ཆར་རྒྱ་ནག་གཞུང་གིས་སོག་པོའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་བཀག་སྡོམ་བྱ་དགོས་པའི་ཐག་གཅོད་བྱས་པ་ནི་སོག་པོའི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་པའི་དཔེ་མཚོན་མཆོག་ཏུ་གྱུར་པ་ཞིག་རེད། ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་ཏུ་ནང་སོག་གི་དཔེ་མཛོད་ཁག་ཏུ་སོག་པོའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་འགྲེམ་བཤམས་བྱེད་མི་ཆོག་པ་དང་སློབ་གྲྭ་ཁག་ཏུ་སོག་ཡིག་སོག་སྐད་སློབ་མི་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་དེ་ཧ་ཅང་གི་ཛ་དྲག་ཅན་ཞིག་རེད། རྒྱ་གཞུང་གིས་མི་རིགས་དང་སྐད་ཡིག་གཅིག་གྱུར་བྱེད་ཀྱི་ཡོད་ཅེས་སོག་པོའི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༨་པའི་ཚེས་༢༥་ཉིན་རྒྱ་ནག་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་དཔེ་དེབ་དང་དུས་དེབ་དཔར་འགྲེམ་མཐུན་ཚོགས་ལ་སོག་པོའི་རིགས་ཚོགས་ཀྱི་སྤྱི་ཡོངས་ལོ་རྒྱུས་འགྲེམ་སྤེལ་བྱ་རྒྱུ་མཚམས་འཇོག་བྱ་དགོས། སོག་པའི་ལོ་རྒྱུས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་གྲུབ་ལ་མཐུན་དགོས་པ་དང་ལོ་རྒྱུས་ལ་ལོག་འགྲེལ་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་ཞེས་བཀོད་ཁྱབ་བཏང་ཡོད་ཅིང་། རྒྱ་གཞུང་གི་བཀོད་ཁྱབ་ནང་དུ་ང་ཚོས་བརྟག་དཔྱད་གཟབ་ནན་དང་འབྲེལ་ཡོད་ཀྱི་རིམ་པ་ཁག་གིས་རྒྱུས་སྟོན་བྱས་པ་ལྟར་སོག་པོའི་ལོ་རྒྱུས་ཀྱི་དེབ་ཕྲེང་རྣམས་གནས་སྐབས་རིང་ཕྱིར་བསྡུ་དང་འགྲེམ་སྤེལ་བྱེད་མི་ཆོག་པའི་ཐག་གཅོད་བྱས་པ་ཡིན། མིའི་ལྟ་གྲུབ་ལ་ལྷད་སྐྱོན་གཏོང་བའི་དཔེ་དེབ་ཀྱི་རིགས་འགྲེམ་སྤེལ་བྱེད་ཀྱི་ཡོད་པར་ང་ཚོས་སྟངས་འཛིན་དང་དེ་དག་གི་འབྱུང་ཁུངས་འགོག་དགོས་ཞེས་འཁོད། སོག་པོའི་བྱུང་རབས་དེབ་ཕྲེང་ནི་སོག་པོའི་རྩོམ་པ་པོ་མན་སངས་ཐེ་ཇིས་བརྩམས། ༢༠༠༤་ལོར་ལེའོ་ཉིང་མི་དམངས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།།
ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་གནས་འཁོད་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཨེན་གྷེ་བྷ་ཐུ་ཏོ་གྷོ་ཆོག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། ལོ་རྒྱུས་ཀྱི་དེབ་ཕྲེང་ཞིག་བཀག་སྡོམ་བྱས་པ་ནི་སོག་པོའི་སྐོར་གྱི་དཔེ་དེབ་བཀག་སྡོམ་བྱས་པ་གཅིག་པུ་དེ་ག་ལ་ཡིན། ཉེ་དུས་ཤིག་ནས་མཐོ་སློབ་དང་སློབ་ཆེན་ཁག་གི་དཔེ་མཛོད་ཁག་ཏུ་སོག་སྐད་ཀྱི་དཔེ་དེབ་དང་དུས་དེབ་རྣམས་ཕྱིར་བསྡུ་བྱས་པ་ང་ཚོས་རྩད་གཅོད་ཐུབ་སོང་། སྐབས་འགར་སོག་ཡིག་གི་སློབ་དེབ་ཀྱང་རྒྱལ་ས་ཧུ་ཧ་ཧོ་ད་འམ། མཁར་སྔོན་པོའི་སློབ་གྲྭ་ཁག་ཏུ་མེར་སྲེག་གཏོང་གི་ཡོད་པའི་གནས་ཚུལ་བྱུང་འདུག ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ནང་སོག་གི་ལོ་རྒྱུས་དང་རིག་གཞུང་། སོག་པོའི་བྱུང་རབས། བྷོར་ཏོ་ཧེའི་ལོ་རྒྱུས་དང་རིག་གཞུང་། ཧུ་ལུན་བྷོ་ཡིར་གྱི་ལོ་རྒྱུས་དང་རིག་གཞུང་། ཧོར་ཆིན་གྱི་ལོ་རྒྱུས་དང་རིག་གཞུང་གི་དཔེ་དེབ་རྣམས་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ནས་ཕྱིར་བསྡུ་བྱས་ཏེ་སོག་པོའི་ལོ་ཆུང་རྣམས་རང་གི་མི་རིགས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་སོགས་ལ་རྨོངས་སུ་འཇུག་གི་འདུག་ཅེས་གནས་ཚུལ་སྤེལ།།


ཕྱི་རྒྱལ་དུ་ཡོད་པའི་ནང་སོག་གི་ལས་འགུལ་བ་ཚོས་རང་གི་ཡུལ་ལུང་དེར་ལྷོ་སོག་ཅེས་འབོད་པ་དང་རྒྱ་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་ཟེར་བའི་མིང་ཞིག་བཏགས་ཡོད་པར་དགག་པ་བརྒྱབ། ལོ་འདིའི་ཕྱི་ཟླ་༩་པའི་ཚེས་༡་ནི་ནང་སོག་གི་སློབ་གྲྭ་ཁག་ཏུ་སོག་ཡིག་སོག་སྐད་ནས་རྒྱ་ཡིག་རྒྱ་སྐད་དུ་སློབ་ཁྲིད་བྱ་དགོས་པའི་ལོ་གསུམ་གྱི་འགྱུར་མཚམས་དེའི་ཉིན་མཐའ་མ་དེ་ཡིན་པར་མ་ཟད། ལོ་གསུམ་གྱི་རྗེས་སུ་ནང་སོག་གི་སློབ་གྲྭ་ཁག་ཏུ་སློབ་ཚན་ཚང་མར་རྒྱ་ཡིག་རྒྱ་སྐད་དུ་བསླབ་དགོས་ཤིང་། སོག་པོའི་སློབ་ཕྲུག་གི་ཕ་མ་དང་ཤེས་ཡོན་ཅན། སོག་པོའི་མི་རིགས་ཀྱི་ལས་འགུལ་བ་ཚོས་རྒྱ་ནག་གི་མི་སེར་སྤེལ་བའི་རིང་ལུགས་དང་གྲངས་ཉུང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་དེར་ངོ་རྒོལ་བྱས་ནས་མི་སྟོང་ཕྲག་འགའ་ཞིག་བཙོན་དུ་ཚུད། ནང་སོག་གི་ཕ་མ་ཚོས་༢༠༢༣་ལོའི་ཕྱི་ཟླ་༩་པའི་ཚེས་༡་ནས་སོག་ཕྲུག་ཚོས་རང་གི་སྐད་ཡིག་སློབ་སྦྱོང་བྱེད་ཐུབ་རྒྱུ་མིན་པར་སེམས་སྡུག་དཔག་མེད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

མན་དྷ་ཞེས་པའི་ནང་སོག་གི་ཕ་མ་ཞིག་གིས་སྐད་འཕྲིན་ནང་དུ་དེ་རིང་ནས་སློབ་སྐབས་གསར་པའི་ལོ་དེ་འགོ་ཚུགས་སོང་། ང་ཚོའི་ས་གནས་སུ་ཕ་མ་མང་པོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྟེ་སྡུག་སྐད་རྒྱག་གི་འདུག སོག་ཕྲུག་ཚོར་སློབ་ཚན་རྣམས་རང་གི་ཕ་སྐད་དུ་སློབ་ཁྲིད་བྱེད་ཀྱི་མེད་པ་གསལ་པོ་རེད་ཅེས་ནེའུ་ཡོག་གྲོང་ཁྱེར་དུ་གནས་འཁོད་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཏོ་གྷོ་ཆོག་ནས་རྒྱ་གཞུང་གིས་མི་རབས་གཉིས་པའི་སྐད་གཉིས་སློབ་གསོ་ཞེས་པ་ཞིག་ལ་ཁ་གཡར་ནས་སོག་ཡིག་སོག་སྐད་རྩ་མེད་གཏོང་གི་ཡོད་པ་རེད། ལྷོ་སོག་མི་དམངས་ས་ཡ་༦་ལ་རང་གི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་གཅེས་འཛིན། སོག་པོའི་སྲོལ་རྒྱུན་ལྟར་འཚོ་གནས་བྱེད་ཆོག་པའི་རང་དབང་དང་ཐོབ་ཐང་ཕྲོགས་པ་རེད་ཅེས་བཀྲལ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཕེང་ཡུའི་ཡིས་སོག་པོའི་སྐད་ཡིག་རྩ་མེད་དང་དཔེ་དེབ་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་དེ་ཆབ་སྲིད་ཀྱི་ཀུན་སློང་ངན་པའི་སྐད་ཆ་ཞིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག


ཨ་རིའི་ཕན་སིལ་ཝེ་ཎི་ཡ་སློབ་གྲྭ་ཆེན་མོའི་སོག་པོ་དང་རྒྱ་ནག་གི་ལོ་རྒྱུས་སློབ་དཔོན་ཁེ་རེ་སི་ཊོ་ཧྥོར་ཨ་ཊི་ཝུ་ཌིས་བཤད་པ་ལྟར་ན། སོག་པོའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་རྣམས་འགྲེམ་སྤེལ་བྱས་ནས་ལོ་མང་ཕྱིན་འདུག ཉེ་ཆར་དཔེ་དེབ་དེ་དག་ཕྱིར་བསྡུ་བྱ་དགོས་པའི་ཐག་གཅོད་བྱས་པའི་རྒྱུ་མཚན་ཅི་ཡིན་རྒྱ་ནག་གཞུང་གིས་གསལ་བཀྲོལ་མ་བྱུང་ཞིང་། ནང་སོག་གི་སློབ་ཕྲུག་ཚོར་སོག་སྐད་དུ་སློབ་ཁྲིད་བྱེད་ཐུབ་རྒྱུ་ཡིན་མིན་ནི་མི་རིགས་དེ་ཆགས་འཇིག་གི་འགག་རྩ་ལྟ་བུ་ཞིག་ཏུ་ཐུག་འདུག སོག་སྐད་དུ་སླར་ཡང་སློབ་ཁྲིད་བྱེད་ཆོག་པའི་དུས་སྐབས་ཤིག་མ་ཤར་བར་དུ་ཕ་མ་ཚོས་རང་ཁྱིམ་དུ་སོག་པོའི་སྐད་ཡིག་གཅེས་འཛིན་བྱ་དགོས་པའི་རྩིས་རྒྱག་གི་འདུག རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སོག་པོའི་མི་རིགས་ཀྱི་ངོ་བོ་ཉམས་དམས་སུ་བཏང་སྟེ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་སྲིད་ཇུས་ལག་ལེན་བསྟར། སྲིད་ཇུས་དེ་སོག་པོ་ཚོར་ངོས་ལེན་བྱེད་དུ་འཇུག་ཐབས་སུ་ཤུགས་སྣོན་རྒྱག་གི་འདུག ལོ་རབས་༩༠་པའི་ནང་དུ་ནང་སོག་གི་སློབ་གྲྭ་ཁག་ཏུ་སོག་ཕྲུག་བརྒྱ་ཆ་༦༠་ཡོད་ཀྱང་༢༠༡༩་ཡས་མས་སུ་སོག་ཕྲུག་བརྒྱ་ཆ་༣༠་ལས་མི་འདུག སོག་པའི་ཕ་མ་ཁག་ཅིག་གིས་བུ་ཕྲུ་གི་སློབ་སྦྱོང་དང་མདུན་ལམ་གྱི་ཆེད་དུ་རྒྱ་ཡིག་རྒྱ་སྐད་སློབ་ཀྱི་ཡོད་ཀྱང་ཕ་མ་མང་ཆེ་བས་སོག་ཡིག་སོག་སྐད་གཅེས་འཛིན་གྱི་འཐབ་རྩོད་རྒྱུན་འཁྱོངས་བྱེད་ཀྱི་འདུག་ཅེས་གསལ་སྟོན་བྱས་འདུག

XS
SM
MD
LG