ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༠/༡༥

སོག་ཡུལ་དང་བོད་དུ་ཡེ་ཤུའི་ཆོས་ལུགས་དར་ཁྱབ།


༄༅།། གཟའ་འཁོར་འདིར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་སོག་ཡུལ་དུ་ཕེབས་ཏེ་ཕྱི་ཟླ་༨་པའི་ཚེས་༣༡་ནས་ཕྱི་ཟླ་༩་པའི་ཚེས་༤་བར་དུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ཆོས་འབྲེལ་དང་སོག་ཡུལ་གྱི་དམངས་གཙོའི་སྲིད་གཞུང་གི་འགོ་ཁྲིད་ཚོར་མཇལ་འཕྲད། སོག་ཡུལ་དུ་བཅའ་སྡོད་རྒྱ་ནག་དང་ཨུ་རུ་སུ། བྱང་ཀོ་རི་ཡ་སོགས་ཀྱི་གཞུང་ཚབ་ཁག་གི་ལས་སྣེ་ཚོར་མཇལ་འཕྲད་གནང་སྟེ་གསུང་བཤད་གནང་རྒྱུའི་མཛད་རིམ་ཁག་བཀོད་སྒྲིག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དགུང་ལོ་༨༦་ལ་ཕེབས་པའི་ཡེ་ཤུའི་བླ་ཆེན་མཆོག་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏོར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བའི་དུས་སུ་སོག་མོ་ཞིག་གིས་ཕྱུར་བ་དང་དྲི་མེད་དྭངས་གཙང་གི་མཇལ་དར་ཕུལ་ནས་སྔུན་བསུས། རྒྱལ་ལམ་གྱི་གཡས་གཡོན་གཉིས་སུ་སོག་ཡུལ་དང་གདན་ས་ཝེ་ཊི་ཁན་གྱི་རྒྱལ་དར་མཉམ་དུ་བསྒྲེངས། སོག་པོའི་ཡེ་ཤུའི་ཆོས་དད་པ་དང་རྒྱལ་ཁབ་དེའི་གཞུང་འབྲེལ་མི་སྣ་ཁག གདན་ས་ཝེ་ཊི་ཁན་གྱི་ལས་སྣེ་ཚོས་བླ་ཆེན་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པའི་གནས་ཚུལ་ཐོན་འདུག

ལོ་ན་༤༧་ལ་སོན་པའི་སོག་མོ་ཡེ་ཤུའི་ཆོས་དད་པ་ཨོད་གྷོན་ཛེ་སངས་རྒྱས་ཞེས་པ་ཞིག་གིས་ང་ལ་བླ་ཆེན་མཆོག་མཇལ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོས་བརྟས། བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་པ་ནི་བཀའ་དྲིན་ཆེན་པོ་རེད། ང་ཚོས་བླ་ཆེན་མཆོག་གི་ཆིབས་སྒྱུར་འདིར་ཡུན་རིང་པོ་ནས་ངང་སྒུག་བྱས་པ་ཡིན། བླ་ཆེན་མཆོག་ནས་ང་ལ་ཕྱག་ཐེངས་མ་གཉིས་བཏང་བྱུང་ཞེས་དགའ་ཚོར་གྱི་རྣམ་འགྱུར་བསྟན། སོག་ཡུལ་དུ་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་༡༤༥༠་ལས་མེད་པ་དང་ཡེ་ཤུའི་ཆོས་ལུགས་གསར་མའི་རྗེས་འཇུག་པ་༦༣༦༠༠་ལྷག་ཡོད་ཅིང་། ༡༩༩༠་ཐམ་པའི་ལོར་སོག་ཡུལ་དུ་དམར་ཤོག་ལམ་ལུགས་ཉམས་ནས་དམངས་གཙོར་གྱུར། དམར་ཤོག་གི་དུས་སུ་ཆོས་ལུགས་ཐམས་ཅད་བསྣུབས་པ་རྣམས་སླར་གསོ་བྱུང་། ༢༠༢༢་ལོར་བླ་ཆེན་ཕོབ་མཆོག་ནས་ཨི་ཊ་ལི་བ་སྤྱི་ཁྱབ་མཁན་པོ་འཇོར་ཇཱི་ཡོ་མ་རེན་གྷོ་(Giorgio Marengo)་ཆོས་རྗེར་བསྐོས་ནས་སོག་ཡུལ་དུ་བཅའ་སྡོད་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་རྗེ་དང་པོར་གྱུར།།

ཉམས་ཞིབ་པ་ཚོས་བླ་ཆེན་ཕོབ་མཆོག་སོག་ཡུལ་དུ་ཕེབས་དོན་གཙོ་བོ་ནི་རྒྱ་ནག་དང་ཨུ་རུ་སུ། གདན་ས་ཝེ་ཊི་ཁན་བཅས་ཀྱི་འབྲེལ་བ་ཡག་པོ་མེད་པ་ཡར་རྒྱས་གཏོང་ཐབས་སུ་དམིགས་ཡོད་པ་རེད་ཅེས་བཀྲལ། བླ་ཆེན་མཆོག་གིས་གནམ་གྲུའི་ནང་དུ་སོག་ཡུལ་ནི་མི་འབོར་ཉུང་བའི་རྒྱལ་ཁབ་ཅིག་ཡིན་རུང་རླབས་ཆེན་གྱི་རིག་གཞུང་དར་ཡུལ་ཞིག་རེད། ང་སོག་ཡུལ་གྱི་ས་གནས་གཅིག་ལ་མ་གཏོགས་མ་བསླེབས་ཀྱང་དེ་ལ་རེ་ལྟོས་འཆང་ཡོད། ངས་རྒྱ་ནག་མི་དམངས་དང་སྲིད་འཛིན་ཞིས་ཅིན་ཕིང་སོགས་ཀྱི་བདེ་དོན་ལ་ཐུགས་སྨོན་གནང་གི་ཡོད་ཅེས་གསར་འགོད་པ་ཚོར་བཀའ་མོལ་གནང་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་པིན་གྱིས་བླ་ཆེན་མཆོག་གིས་ཐུགས་སྨོན་གནང་བ་དེས་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གྱི་འབྲེལ་བ་ཡར་རྒྱས་ཕྱིན་པ་མཚོན་ཐུབ། རྒྱ་ནག་གིས་མུ་མཐུད་དུ་ཕ་རོལ་པོར་མཉམ་འབྲེལ་དང་རྒྱུས་ལོན། ཕྱོགས་གཉིས་བར་དུ་ཡིད་ཆེས་བསྐྲུན་ནས་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་བྱ་འདོད་ཡོད་ཅེས་གསལ་འགོད་གསལ་བསྒྲགས་སྤེལ།།

རུ་སོག་དོན་གཅོད་ཁང་གི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ།
རུ་སོག་དོན་གཅོད་ཁང་གི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ།

རུ་སོག་དོན་གཅོད་ཁང་གི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་ཨ་རིའི་རླུང་འཕྲིན་ཁང་ལ་སོག་ཡུལ་དུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་༡༥༠༠་ཡས་མས་ཤིག་ལས་མེད་པ་དང་བླ་ཆེན་མཆོག་སྤྱི་ལེ་སྟོང་ཕྲག་མང་པོའི་ཕ་རོལ་ནས་ཕེབས་པ་རེད། ངས་བལྟས་ན་བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་ནས་འགྲོ་དོན་ཆེན་པོ་བསྐྱང་ཐུབ་རྒྱུ་དཀའ་བར་སྣང་། བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་ཐུགས་དགོངས་བཞེས་ཡོད་སྲིད་ཀྱང་རྒྱ་ནག་གིས་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན་བྱེད་ཀྱི་འདུག ལྷག་པར་དུ་སོག་ཡུལ་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་གདན་ས་ཝེ་ཊི་ཁན་སོགས་ཀྱི་ཤུགས་རྐྱེན་ཐེབས་ན་རྒྱ་ནག་ལ་ཕོག་ཐུག་འགྲོ་ཤས་ཆེ། དེ་བཞིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་པར་ཡེ་ཤུའི་བླ་ཆེན་མཆོག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པས་ཨུ་རུ་སུ་ལ་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་ཤིན་ཏུ་དཀའ། ཨུ་རུ་སུ་རྒྱལ་ཡོངས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཧ་ཅང་ཉུང་ཉུང་རེད་ཅེས་གསལ་བཀྲོལ་གནང་འདུག

སོག་པོའི་ན་གཞོན་ཚོས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་དང་འཚོ་བའི་དཀའ་ངལ་སེལ་ཐབས། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་མཐོ་སློབ་འགྲིམ་ཐབས་སུ་རང་གི་ཕ་མེས་ཡང་མེས་ཀྱི་དུས་ནས་དར་བའི་ཆོས་ལུགས་དེ་རྒྱབ་ཏུ་བསྐྱུར་ཏེ་ཡེ་ཤུ་ལ་འགྱུར་ཡོད་པའི་གནས་ཚུལ་ཐོན་ཞིང་། རུ་སོག་དོན་གཅོད་ཁང་གི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་ཡེ་ཤུའི་ཆོས་ཚོགས་ཁག་གིས་སོག་ཡུལ་དུ་སློབ་གྲྭ་དང་དྭ་ཕྲུག་ཁང་བཙུགས། སྨན་ཁང་དང་རྒན་གསོ་ཁང་། བུད་མེད་ནད་པར་ལྟ་སྐྱོང་ཁང་འཛུགས་སྐྲུན། སློབ་ཕྲུག་ཚོར་སློབ་དེབ་དང་གྱོན་གོས་སོགས་ཀྱི་རོགས་སྐྱོར་གང་འཚམ་རེ་སྤྲོད་ཀྱི་འདུག ཡིན་ནའང་སོག་ཡུལ་དུ་བོད་བརྒྱུད་ནང་བསྟན་གཙོས་རང་གི་ཐུན་མོང་མ་ཡིན་པའི་ལོ་སྟོང་ཕྲག་གི་རིག་གཞུང་ཞིག་དར་ཡོད་པ་དེའི་རྩ་བ་སྲ་བརྟན་རེད། སོག་ཡུལ་གྱི་མི་འབོར་བརྒྱ་ཆ་༨༠་ལྷག་ནང་པ་སངས་རྒྱས་པ་རེད། བླ་ཆེན་མཆོག་སོག་ཡུལ་གྱི་དགའ་ལྡན་དགོན་པར་གདན་འདྲེན་ཞུས་ཀྱང་ཕེབས་རྒྱུའི་ཞལ་བཞེས་གནང་མི་འདུག ཆོས་ལུགས་ཁག་གི་ལྷན་འཛོམས་སྐབས་དེར་ཡེ་ཤུའི་བླ་ཆེན་མཆོག་དང་དགའ་ལྡན་དགོན་པའི་མཁན་པོ་བླ་མ་རྣམ་གཉིས་མཇལ་འཕྲད་གནང་གི་ཡོད་སྲིད། སོག་པོའི་ནང་པའི་དབུ་ཁྲིད་ཚོ་དང་ཡེ་ཤུའི་བགྲོ་གླེང་གི་ལྷན་འཛོམས་དེ་རྒྱ་ཆེན་པོ་ཞིག་མིན་པ་འདྲ་ཞེས་གསུངས་ཤིང་། དགའ་ལྡན་དགོན་པའི་ལས་སྣེ་ཚོས་ཡེ་ཤུའི་བླ་ཆེན་མཆོག་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་པ་མཇལ་འཕྲད་གནང་དགོས་པའི་རེ་བ་ཞུས་ཀྱང་གདན་ས་ཝེ་ཊི་ཁན་གྱིས་ཞལ་བཞེས་གནང་མེད་པའི་གནས་ཚུལ་ཐོན་འདུག

ཨི་ཊ་ལི་བ་ཨི་པོ་ལི་ཏོ་ཌེ་སི་ཌེ་རི་(1648-1733)
ཨི་ཊ་ལི་བ་ཨི་པོ་ལི་ཏོ་ཌེ་སི་ཌེ་རི་(1648-1733)

དེང་སྐབས་ཡེ་ཤུའི་ཆོས་ལུགས་དར་ཁྱབ་འགྲོ་ས་ནི་སོག་ཡུལ་གཅིག་པུ་མིན་ཞིང་། བོད་ལའང་ཡེ་ཤུའི་ཆོས་ལུགས་དར་ཁྱབ་འགྲོ་བཞིན་པའི་གནས་ཚུལ་རབ་དང་རིམ་པ་ཞིག་ཐོན། བོད་ལ་ཡེ་ཤུའི་ཆོས་ལུགས་དར་བའི་ལོ་ཚིགས ཁ་གསལ་ཞིག་མེད་ཀྱང་དུས་རབས་༡༧་པའི་མཇུག་དང་དུས་རབས་༡༨་པའི་མགོ་སྟོད་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཁྱབ་སྤེལ་བ་གཉིས་བསླེབས་པ་དེབ་ཐེར་ཁག་ཏུ་གསལ། ཨི་ཊ་ལི་བ་ཨི་པོ་ལི་ཏོ་ཌེ་སི་ཌེ་རི་(Ippolito Desideri 1648-1733)་ཞེས་པ་ནི་༡༧༡༦་ལོའི་ཕྱི་ཟླ་༣་པའི་ཚེས་༡༨་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར། ༡༩༢༡་ལོར་ལྷ་ས་ནས་ཡུ་རོབ་ཏུ་ཕྱིར་ལོག་བྱས་འདུག ཁོང་གིས་༡༧༠༣་ནས་༡༧༡༧་བར་དུ་བོད་ཀྱི་སྲིད་དབང་བཟུང་བའི་རྒྱལ་པོ་ལྷ་བཟང་ཧན་ལ་ཐུག་སྟེ་བོད་ཁམས་ཧྲིལ་པོ་ཡེ་ཤུ་ལ་བསྒྱུར་དགོས་ཞེས་ནན་གྱིས་བསྐུལ། ལྷ་བཟང་ཧན་ནས་ཁྱོད་ཀྱིས་གདན་ས་གསུམ་གྱི་མཁས་པ་ཚོར་རྩོད་པ་བརྒྱབ་ནས་རྒྱལ་བར་གྱུར་ན་ངས་བོད་ཡུལ་འདིར་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་ཆོག་ཅེས་ཁས་བླངས། དུས་བཏབ་ཀྱི་ཉིན་མོ་ཞིག་ལ་ཨི་པོ་ལི་ཏོ་ཌེ་སི་ཌེ་རི་དང་གདན་ས་གསུམ་གྱི་མཁས་པ་ཚོས་རྩོད་པ་འཕངས་ཏེ་ཡེ་ཤུའི་ཆོས་པ་དེ་ཕམ། ཁོང་གིས་ལྟ་བ་ལོག་པ་དང་ཆོས་ལོག་གི་རྗེས་སུ་ཞུགས་པའི་གྲྭ་པ་དེ་དག་གི་སྨྲ་ལྕེ་ལ་བདུད་ཞུགས་ཏེ་(ཡེ་ཤུའི་ཆོས་འབྱུང་དུ་བཤད་པའི་བདུད)གླགས་ཁེལ་གྱི་མི་འདུག་ཅེས་ཉིན་ཐོའི་ནང་དུ་བཀོད།།

ད་ལོ་དཔར་སྐྲུན་བྱས་པའི་ཡེ་ཤུའི་གསུང་རབ།
ད་ལོ་དཔར་སྐྲུན་བྱས་པའི་ཡེ་ཤུའི་གསུང་རབ།

ཨི་པོ་ལི་ཏོ་ཌེ་སི་ཌེ་རིས་བརྩམས་པའི་བོད་སྐྱོད་ལས་འགན་ཞེས་པའི་དཔེ་དེབ་ནང་དུ་བོད་པ་ཚོས་དམ་དོན་གྱི་དཀོན་མཆོག་ཅིག་ཡོད་པར་བསྙོན་ནས་འཕྲུལ་སྣང་གི་ཡི་དམ་ཞིག་ལ་སྐྱབས་བཅོལ་གྱི་ཡོད་པ་ཡིན་ནམ། ཡང་ན་བོད་པ་ཚོས་དཀོན་མཆོག་ཅིག་ཡོད་པ་གཏན་ནས་ཤེས་ཀྱི་མི་འདུག་ཅེས་བྲིས། དུས་རབས་༡༡་པའི་རྗེས་སུ་བྲིས་པའི་བོད་ཡིག་གི་ཆོས་འབྱུང་ཁག་དང་ལོ་རྒྱུས་ཁག་ཏུ་བོད་ལ་སངས་རྒྱས་ཆོས་ལུགས་མ་དར་གོང་དུ་བོད་ཡུལ་ནི་མུན་པའི་གླིང་དང་མཐའ་འཁོབ། བོད་པ་ཚོ་བླང་དོར་མི་ཤེས་པའི་དམུ་རྒོད་དང་སྲིན་པོ་ལྟར་རེད་ཅེས་འཁོད་ཡོད་པ་ཇི་བཞིན་ནུབ་ཕྱོགས་ཀྱི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་ཚོས་ཀྱང་བོད་ཡུལ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་འོད་སྣང་མ་ཁྱབ་པའི་མུན་པའི་གླིང་དང་བོད་པ་ཚོ་ཀླ་ཀློ། མགོན་སྐྱབས་མེད་པར་དམྱལ་ཁམས་མྱུལ་རྒྱུའི་ལས་སྣང་མ་དག་པའི་འགྲོ་བ་ཞིག་ཏུ་བརྩིས། ཡེ་ཤུའི་ཆོས་པ་ཚོས་བོད་ཡུལ་དུ་ཡེ་ཤུའི་ཆོས་ལུགས་ཀྱི་བསྟན་པའི་སྒྲོན་མེ་སྦར་རྒྱུ་ནི་རང་འཁྲིའི་ལས་འགན་དང་དཀོན་མཆོག་གི་ཞབས་ཏོག་ངོ་མ་ཡིན་པའི་ཡིད་ཆེས་བརྟན་པོ་བཅངས་ཡོད་པ་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ནས་ཤེས་ནུས།།

དུས་རབས་༡༩་པའི་མཇུག་དང་དུས་རབས་༢༠་པའི་མགོ་སྟོད་དུ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་རྣམས་སླར་ཡང་བོད་ཡུལ་དུ་བསྐྱོད་རྒྱུའི་འགྲན་སྡུར་ཚུགས། བོད་ཀྱི་དབུས་གཙང་ཁུལ་དུ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་རེ་ཟུང་ཞིག་ཐར་ཡང་དེ་དག་གི་ཆོས་གཞིས་མ་ཟིན། བོད་ཀྱི་ཤར་ཕྱོགས་སུ་ཆགས་པའི་འབའ་ཐང་དང་རྒྱལ་ཐང་། དར་རྩེ་མདོ་དང་སྐུ་འབུམ། ཅོ་ནེ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱོགས་སུ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་བསླེབས་ནས་ཆོས་གཞིས་བཟུང་། དཔེར་ན་ཨ་རིའི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་མཱ་རི་འོན་གྷ་རི་བྷེ་ནོ་(Marion་Griebenow)་སྟེ། བོད་མིང་དུ་ཤེས་རབ་བསྟན་འཕེལ་དང་ཆུང་མ་བྷ་ལན་ཆེ་གྷ་རི་བྷེ་ནོ་(Blanche Griebenow)འམ། བོད་མིང་དུ་བདེ་སྐྱིད་མཚོ་མོ་ཞེས་འབོད་པའི་བཟའ་ཚོ་གཉིས་༡༩༢༡་ནས་༡༩༤༩་བར་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཐའ་བའི་རིགས་གྲའི་ཐང་གི་བསང་ཆུའི་འགྲམ་དུ་གཞིས་བཅས་ནས་ཡེ་ཤུའི་ཆོས་ཚོགས་བཙུགས། གྷ་རི་བྷེ་ནོ་བཟའ་ཚོ་གཉིས་བླ་བྲང་དུ་ལོ་༢༨་ལ་བསྡད་པའི་རིང་དེར་བོད་པ་བརྒྱ་སྐོར་ཞིག་ཡེ་ཤུ་ལ་བསྒྱུར་བར་གྲགས་མོད། འོན་ཀྱང་ཁོ་ཚོའི་གྲུབ་འབྲས་ཆེ་ཤོས་ནི་ཨ་པ་ཨ་བློ་གཙོས་བླ་བྲང་གི་མི་ཆེན་དཔོན་ཆེན་ཁག་དང་དགོན་པའི་བླ་ཆེན་ཁག་ལ་འབྲེལ་བ་དམ་ཟབ་བཙུགས་པར་བརྩི་དགོས་པར་སེམས། ཕྱིས་སུ་ཤེས་རབ་བསྟན་འཕེལ་ཚང་གི་ཡེ་ཤུའི་ཆོས་ཚོགས་དེ་བླ་བྲང་མཐའ་བའི་རྒྱུ་གྱ་མི་དམངས་སྤྱི་ཁང་དུ་བསྒྱུར།།

མཱ་ཤི་ཀར་པ་ངག་དབང་སྐལ་བཟང་།
མཱ་ཤི་ཀར་པ་ངག་དབང་སྐལ་བཟང་།

བོད་པ་མཱ་ཤི་ཀར་པ་ངག་དབང་སྐལ་བཟང་ནི་ཡེ་ཤུ་ཆོས་ལུགས་གསར་མའི་རྗེས་འཇུག་པ་ཞིག་ཡིན་ཞིང་། ཁོང་བོད་ཀྱི་ཤར་ཕྱོགས་སུ་ཆགས་པའི་ཉག་ཆུ་ཁའི་དགེ་ལུགས་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། བོད་དུ་འཛིན་རིམ་བཞི་པ་བར་དུ་སློབ་གྲྭར་འགྲིམས། དེའི་རྗེས་སུ་རབ་ཏུ་བྱུང་སྟེ་འབྲས་སྤུངས་དགོན་པར་ཆོས་ཞུགས་བྱས་ནས་ལོ་༢༠་ཡས་མས་ཤིག་ལ་གྲྭ་པའི་འཚོ་བ་ཉམས་སུ་མྱོང་། ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་ཐོག་མར་ང་ལ་བོད་ཡིག་ཏུ་བསྒྱུར་བའི་ཡེ་ཤུའི་ཆོས་ལུགས་ཀྱི་དཔེ་དེབ་ཁག་ཅིག་རག་ནས་བཀླགས་པ་ཡིན། ནང་པའི་ཆོས་གཞུང་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད། ཡེ་ཤུ་ཞིག་གིས་ང་ལ་ནང་པ་ཚོས་མི་ཞིག་རྒྱ་མཚོ་ཆེན་པོའི་དཀྱིལ་དུ་ལྷུང་ཡོད་ན་རྐྱལ་བརྒྱབ་ནས་རྒྱ་མཚོའི་ཕ་རོལ་ཏུ་འགྲོལ་དགོས་ཟེར་གྱི་རེད། ཡེ་ཤུ་ཚོས་མི་དེས་དཀོན་མཆོག་ལ་དད་པ་རྩེ་གཅིག་ཏུ་བྱས་ན་དཀོན་མཆོག་གིས་ཐག་པ་བསྣར་ནས་མི་དེ་རྒྱ་མཚོའི་དཀྱིལ་ནས་སྐྱོབ་ཀྱི་རེད་ཅེས་འགྲེལ་བཤད་བརྒྱབ་བྱུང་། དེར་བརྟེན་ང་ལ་ཡེ་ཤུའི་གསུང་རབ་ཀྱི་འགྲེལ་བཤད་དེ་བློ་ལ་འཇུག་པོ་ཞིག་བྱུང་ནས་ཡེ་ཤུ་ལ་བསྒྱུར་བ་ཡིན་ཞེས་བཀྲལ།།

བོད་པ་མཱ་ཤི་ཀར་པ་ངག་དབང་སྐལ་བཟང་གིས་མུ་མཐུད་དུ་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་ལྟར་ན། ད་ལྟའི་བར་དུ་ཡེ་ཤུའི་གསུང་རབ་དེ་སྐད་ཡིག་སྟོང་ཕྲག་གཉིས་ལྷག་ལ་བསྒྱུར་ཟིན་ཡོད་པར་མ་ཟད། སྔོན་ཆད་བོད་ཡིག་ཏུ་ཡེ་ཤུའི་གསུང་རབ་ཆ་ཚང་ཞིག་བསྒྱུར་འདུག་ཀྱང་འགྱུར་སྤུས་དག་པོ་ཞིག་བྱུང་མི་འདུག ད་ལྟའི་དམ་པའི་གསུང་རབ་བོད་འགྱུར་གསར་མ་ནི་ཨ་རི་བ་དང་དབྱིན་ཇི་བ། བོད་པ་དང་རྒྱ་ནག་པ་སོགས་མི་རིགས་ཁག་གི་མཁས་པ་༡༠་ནས་༡༥་ཙམ་ཞིག་གིས་ལོ་༣༠་ཡས་མས་ཤིག་ལ་དཀའ་ལས་བརྒྱབ་ནས་གསར་དུ་བསྒྱུར་བ་ཡིན་ཞེས་རྒྱབ་ཤ་པགས་པ་ཅན་གྱི་དམ་པའི་གསུང་རབ་སྤུས་དག་ཅིག་དཔར་དུ་བསྐྲུན་འདུག བོད་ཡིག་ཏུ་ནང་པའི་བཀའ་བསྟན་ཡོད་དོ་ཅོག་བཞུགས་ཡོད་པ་ལྟར་ཁ་ཆེའི་སྟོན་པའི་གསུང་རབ་བཀའ་དེབ་དང་ད་ལྟ་ཡེ་ཤུའི་གསུང་རབ་ཀྱང་བོད་ཡིག་ཏུ་བསྒྱུར་ཡོད་པས་བོད་ཡིག་དར་སྤེལ་དང་གཅེས་འཛིན། བོད་ཡིག་ཁྱབ་སྤེལ་བཅས་ལ་ཆོས་ལུགས་ཁག་གི་གསུང་རབ་དེ་རྣམས་བོད་ཡིག་ཏུ་བསྒྱུར་ན་དགེ་མཚན་ཡོད་པ་སྨོས་ཅི་འཚལ། མི་ཚོས་བོད་པ་ཞེས་གོ་ཐོས་བྱུང་དུས་བོད་པ་ཚང་མ་ནང་པ་སངས་རྒྱས་པ་ཡིན་པའི་འདུ་ཤེས་ཤིག་འཛིན་གྱི་ཡོད་ཀྱང་བོད་པའི་གྲས་སུ་བོན་པོ་དང་ནང་པ། ཁ་ཆེ་དང་ཡེ་ཤུ། བོད་པ་ཆོས་ལ་དད་པ་མེད་མཁན་བཅས་སྣ་ཚོགས་ཤིག་ཡོད་པས་དེ་དག་ཐམས་ཅད་བོད་པ་ཡིན་པར་ངོས་འཛིན་བྱ་རྒྱུ་གནད་ཀྱི་གཙོའོ།།

བོད་དང་ཡེ་ཤུའི་ཆོས་ལུགས།
please wait

No media source currently available

0:00 0:19:39 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG