ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞིན་ཅང་གི་ཁ་ཆེའི་ལྷ་ཁང་ཞིག་བཤིག་སྟེ་ཤུལ་དུ་གསང་སྤྱོད་འཛུགས་སྐྲུན། 


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཨ་ཐུ་ཤི་ས་གནས་ཀྱི་ཁ་ཆེ་ལྷ་ཁང་ཞིག་བཤིག་ནས་དེའི་ཤུལ་དུ་སྤྱི་དམངས་གསང་སྤྱོད་ཅིག་འཛུགས་སྐྲུན་བྱས་འདུག ཉམས་ཞིབ་པ་ཚོས་ཞིན་ཅང་ས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཨ་ཐུ་ཤི་ས་གནས་སུ་སྤྱི་དམངས་ལ་གསང་སྤྱོད་ཅིག་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད་ཀྱང་མཐའ་གཅིག་ཏུ་ཁ་ཆེའི་ལྷ་ཁང་ཞིག་གཏོར་བཤིག་བཏང་སྟེ་དེའི་ཤུལ་དུ་གསང་སྤྱོད་འཛུགས་སྐྲུན་བྱེད་དགོས་དོན་མེད། འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ཆོས་ལུགས་དད་མོས་ལ་རྡོག་བརྫིས་དང་ཁ་ཆེ་ཚོའི་སེམས་ལ་ཕོག་ཐུག་གཏོང་ཐབས་ཤིག་རེད། དེང་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་མང་དག་ཅིག་ཏུ་ཁ་ཆེའི་ལྷ་ཁང་རྣམས་གཏོར་བཤིག་གཏོང་བ་དང་མང་ཚོགས་ཀྱི་ས་ཁང་རྣམས་བཙན་འཕྲོག་བྱས་ནས་ཐོག་བརྩེགས་ཅན་གྱི་ཁང་ཆེན་ཁག་འཛུགས་སྐྲུན་བྱེད་ཀྱི་འདུག ཞིན་ཅང་ལ་རང་གི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་ཐ་དད་ཅིག་ཡོད་པ་རྣམས་སྣུབ་ཐབས་དང་ཡུ་གུར་བ་ཚོ་རྒྱ་མི་རིགས་ལ་སྒྱུར་ཐབས། ཡུ་གུར་བ་ཚོས་རང་གི་མི་རིགས་དང་ཆོས་ལུགས། རིག་གཞུང་བཅས་ལ་གཅེས་སེམས་ཀྱི་འདུ་ཤེས་ཤིག་འཆང་ཡོད་པ་རྩ་མེད་གཏོང་ཐབས་བྱེད་ཀྱི་འདུག ༡༩༦༦་ནས་༧༦་བར་དུ་རྒྱ་ནག་ལ་ལོ་བཅུའི་རིག་གནས་གསར་བརྗེ་ལངས་པའི་སྐབས་སུ་ཞིན་ཅང་གི་ཁ་ཆེའི་ལྷ་ཁང་ཁག་ལ་གཏོར་བཤིག་ཚབས་ཆེན་ཕོག་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེའི་ལྷ་ཁང་ཁག་གཏོར་བཤིག་དང་མང་ཚོགས་ཀྱི་ས་ཁང་བཙན་འཕྲོག ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་འདི་འདྲ་ཞིག་ལག་ལེན་བསྟར་མྱོང་མི་འདུག་ཅེས་རྩོམ་ཡིག་བྲིས།།

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་དུ་བཅུག་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་ཅིང་། བདུན་ཕྲག་གཉིས་ཀྱི་སྔོན་དེར་ཞིན་ཅང་གི་གྱོན་གོས་དཔེ་སྟོན་པ་གྲགས་ཅན་མེར་དྷན་གྷ་པར་ཞེས་པ་ཞིག་གིས་རང་ཉིད་བཀག་ཉར་ཁང་དུ་ལག་པ་གཅིག་ལ་ལག་ལྕགས་བརྒྱབ་སྟེ་ལྕགས་ཀྱི་ཉལ་ཁྲི་ཞིག་ལ་བཏགས་ཡོད་པ་དང་ཁང་མིག་དེའི་སྒོ་ནི་ལྕགས་སྒོ་ཡིན་པ། སྒེའུ་ཁུང་ལ་ལྕགས་དྲྭ་ཉིས་བརྩེགས་བརྒྱབ་ཡོད་པ་དང་ཕྱི་ལོགས་ཀྱི་ལྕགས་རིའི་གྱང་ཁ་དེར་ལྕགས་དྲྭ་དང་གློག་སྐུད་འཐེན་ཡོད་པའི་བརྙན་ཐུང་ཞིག་ལག་ཐོགས་ཁ་པར་ནང་དུ་ཕབ་ལེན་བྱས་པ་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་འཕྲོད། བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཡུ་གུར་བ་མེར་དྷན་གྷ་པར་འཚོ་གནས་ཡིན་མིན་དང་ཁོ་པ་བཀག་ཉར་ཁང་དུ་འཇུག་དགོས་དོན་ཅི་ཡིན་སོགས་རྒྱ་ནག་གཞུང་ལ་འདྲི་རྩད་བྱས་འདུག ད་ལྟ་བདུན་ཕྲག་གཉིས་ཀྱི་རྗེས་སུ་རྒྱ་ནག་གཞུང་གིས་བཙོན་ཁང་གི་བཅའ་ཁྲིམས་དོན་ཚན་༣༧་པའི་དགོངས་དོན་ལྟར་བཙོན་པ་རྣམས་གློད་གྲོལ་དང་ཁྱིམ་གཞིས་གསར་ཚུགས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད། མེར་དྷན་གྷ་པར་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་དུས་སྨན་པ་ཚོར་ཚ་དྲོད་བལྟ་རུ་མི་འཇུག་པ་དང་ཚིག་རྩུབ་ཀྱིས་ངན་སྨོད་བྱས་ནས་རྒོལ་འཛིང་བྱས་པ་རེད། བཙོན་པ་སྐྱེལ་འདྲེན་དུས་སུའང་རང་ལ་ཉེར་འཚེ་དང་ཉེན་རྟོག་པར་རྒོལ་འཛིང་ཚབས་ཆེན་ཞིག་བྱས་འདུག དེར་བརྟེན་རྒྱ་ནག་གི་ཁྲིམས་ལུགས་ལྟར་མཱེར་དྷན་གྷ་པར་དམ་པོ་བྱས་ནས་བཞག་པ་ཡིན། ད་ལྟ་ཁོ་པའི་སེམས་ཁམས་ཇེ་བདེ་དང་ཞི་འཇམ་དུ་གྱུར་ཡོད་པས་ལྷོད་ཡངས་ཐོབ་ཡོད། ཁོ་པ་ཁྲིམས་མཐུན་གྱི་སྒོ་ནས་བཀག་ཉར་བྱས་པ་ཡིན་ཞེས་ལན་འདེབས་བྱས་ཤིང་། མཱེར་དྷན་གྷ་པར་གྱིས་བཏང་བའི་བརྙན་ཐུང་འདི་ལོ་འདིའི་ཕྱི་ཟླ་༢་ནང་དུ་ཕབ་ལེན་བྱས་ཏེ་བཟའ་མི་ཚོར་བསྐུར། བཟའ་མི་ཚོས་བརྙན་ཐུང་དེ་དང་དེའི་ཞོར་དུ་བཀག་ཉར་ཁང་ནས་འབྱོར་བའི་འཕྲིན་ཐུང་མང་དག་ཅིག་ཡོད་པ་རྣམས་གསང་བའི་ཐོག་ཏུ་ཕྱི་ལ་བསྐུར་ཏེ་ཟླ་བ་སྔོན་མར་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་འཕྲོད།།

མེར་དྷན་གྷ་པར་གྱིས་ང་ཉི་མ་༡༨་ལ་ལག་ལྕགས་བརྒྱབ་ནས་བཏགས་སོང་། ང་ཚོའི་བཙོན་ཁང་དེར་ཉུང་མཐར་ཡང་མི་༥༠་ལྷག་ཡོད་པ་དང་ང་ཚོར་རྟག་ཏུ་མགོ་རས་ནག་པོ་ཞིག་གཡོགས་ཀྱི་འདུག ཐེངས་གཅིག་སྐྱེས་པ་ཞིག་གིས་ཞོགས་པ་དང་དགོང་མོའི་བར་དུ་ངུ་ཅོར་བརྒྱབ་པའི་སྒྲ་སྐད་ངས་ཐོས་བྱུང་། ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་ཡིན་ཞེས་ང་རང་གཅིག་པུ་ལོགས་སུ་ཁང་པ་ཞིག་གི་ནང་དུ་བཅུག་སོང་། ངས་བརྙན་ཐུང་འདི་ཕབ་ལེན་བྱ་ཡུལ་ནི་ང་གཅིག་པུ་ལོགས་སུ་བཀག་ཉར་དང་ལག་ལྕགས་བརྒྱབ་སྟེ་འཇོག་ཡུལ་དེ་རེད་ཅེས་བཀྲལ། ལོ་ན་༣༡་ལ་སོན་པའི་ཡུ་གུར་བ་མེར་དྷན་གྷ་པར་གྱི་བཟའ་མི་ཚོས་བཤད་པ་ལྟར་ན། ཁོ་པས་ཞིན་ཅང་ལྷོ་ཕྱོགས་ཀྱི་ཧྥོ་ཤན་གྲོང་ཁྱེར་དུ་ཉལ་ཐ་འཐེན་འདུག དེ་ནས་རྒྱ་གཞུང་གིས་ཉེན་རྟོག་པ་ཚོས་མེར་དྷན་གྷ་པར་འཛིན་བཟུང་བྱས་ནས་ལོ་གཅིག་དང་ཟླ་བ་༤་ལ་བཙོན་ཁང་གི་ཁྲིམས་ཐག་བཅད་པའི་ལོ་དུས་ཚང་པ་རེད། ཡིན་ནའང་ལོ་འདིའི་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གཞུང་གིས་སླར་ཡང་མེར་དྷན་གྷ་པར་འཛིན་བཟུང་བྱས་ནས་ཞིན་ཅང་གི་མཐའ་མཚམས་ས་ཁུལ་ཞིག་ལ་བཙན་ཁྲིད་བྱས་སོང་ཞེས་བཤད། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་རྣམས་ཕ་མ་བུ་ཕྲུག་ཁ་གཏོར་གཏོང་གི་ཡོད་པ་དང་བཟའ་མི་ཁ་གཏོར། ཡུ་གུར་བའི་བུད་མེད་ཚོར་བཙན་གཡེམ་དང་སྐྱེས་སྒོ་རྩ་གཅོད། དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་བཙན་བྱོལ་དུ་གནས་ཡོད་པའི་ཡུ་གུར་བ་ཚོས་རང་ཡུལ་དུ་ལུས་ཡོད་པའི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག གཉེན་ཚན་དང་གྲོགས་པོ་སོགས་བདེ་ཐང་ཡིན་མིན་དང་འཆི་གསོན་ཅི་ཡིན་གྱི་སྐད་ཆ་ཚིག་གཅིག་གོ་ཐོས་ཐུབ་ཀྱི་མེད་པ། དུས་རབས་༢༡་པའི་བརྡ་འཕྲིན་གྱི་དུས་སུའང་རྒྱ་ནག་གཞུང་གིས་ཞིན་ཅང་ནང་ཁུལ་གྱི་ཡུ་གུར་བ་དང་ཕྱི་ལོགས་སུ་བྲོས་བྱོལ་དུ་ཐར་པའི་ཡུ་གུར་བ་ཚོར་ཕན་ཚུན་བརྡ་འཕྲིན་ཙམ་ཡང་འཕྲོད་དུ་འཇུག་གི་མེད་པ་རེད།།

ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་ཞིན་ཅང་གི་སྲིད་ཇུས་ཉམས་ཞིབ་པ་ཇཱེམ་སི་མིལ་ཝར་ཌིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་མེར་དྷན་གྷ་པར་ལ་ལག་ལྕགས་བརྒྱབ་ནས་ཉལ་ཁྲི་ལ་བཏགས་པ་དང་གཅིག་པུ་བཙོན་འཇུག་བྱས་པ་སོགས་ཚིག་ཟིན་དུ་འཁོད་མེད་པ་ནི་གཡོ་ཐབས་ཤིག་རེད། ཐ་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཙོན་འཇུག་བྱེད་ཡོད་པའི་ཡུ་གུར་བ་རྣམས་སྨྱོན་པ་དང་ཉལ་ཐ་འཐེན་ནས་ངན་ལོབས་སུ་སོང་ཡོད་པ། རྐུན་མ་དང་འཕྲོག་བཅོམ་བྱེད་མཁན་སོགས་ཉེས་ཅན་ཡིན་པའི་རྣམ་པ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་འདུག ཁུ་ཆ་ས་གནས་ཀྱི་ཉེན་རྟོག་པ་ཚོས་མི་ལ་རྡུང་རྡེག་གཏོང་གི་ཡོད་པ་དང་བཀག་ཉར་ཁང་དེར་གཙང་སྦྲ་འཕྲོད་བསྟེན་མེད་པ། མི་༥༠་ནས་༦༠་ཡས་མས་ཤིག་གིས་ལྟོ་སྣོད་༨་ཀྱི་ནང་དུ་བཟའ་བཏུང་ལ་མཉམ་དུ་རོལ་དགོས་པ་སོགས་གཞུང་འབྲེལ་ཡིག་ཆའི་ནང་དུ་འཁོད་མི་འདུག་ཅེས་བཤད། ཨ་རིའི་ཁོ་ལོ་ར་ཌོ་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་བ་བྷེ་ལར་གྱིས་ཀྱང་རྒྱ་ནག་གཞུང་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ལན་འདེབས་བྱས་པའི་གསལ་བཤད་དེར་བལྟས་ཚེ། ཞིན་ཅང་གི་ཡུ་གུར་བ་ཚོར་ལན་ཁག་ཡོད་པ་དང་ཡུ་གུར་བ་ཚོས་ཁྲིམས་འགལ་བྱས་ནས་བཀག་ཉར་ཁང་དུ་བཙོན་འཇུག་བྱ་དགོས་བྱུང་བའི་གོ་བརྡ་གསལ་པོ་སྤྲོད་ཀྱི་འདུག ༢༠༡༧་ནས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ངོ་རྒོལ་བྱེད་མི་ཆོག་པ་དང་རང་སྐྱོན་ངོས་ལེན་བྱ་དགོས་པ། རྣམ་འགྱུར་བཟང་པོ་མི་སྟོན་པའི་ཡུ་གུར་བ་ཚོར་རྡུང་རྡེག་ཚད་མེད་བཏང་ནས་དཔའ་ཞུམ་དུ་འཇུག་གི་འདུག་ཅེས་བཤད།།

རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཉིས་མས་ཤིག་བཙོན་འཇུག་བྱས་ནས་ངལ་རྩོལ་བཙན་བཀོལ་བྱས་ཏེ་ལྷམ་དང་གྱོན་གོས། ཁ་རས་སོགས་བཟོ་སྐྲུན་བྱེད་དུ་འཇུག་གི་ཡོད་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གིས་གྱོན་གོས་དང་ཁ་རས་སོགས་ཅ་ལག་མང་པོ་ཞིག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རྣམས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་བཙོན་པ་ཚོ་ངལ་རྩོལ་ལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡིན་པའི་ཉེན་ཁ་ཆེན་པོ་འདུག རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཆེ་ཁག་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་བཙོན་པ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་རྣམས་མངགས་ཉོ་བྱེད་མི་ཉན་ཞེས་ལས་འགུལ་སྤེལ་གྱི་ཡོད་འདུག ཁ་སྔོན་ཕྱི་ཟླ་༣་པའི་ནང་དུ་ཨོ་གླིང་རྒྱལ་ཁབ་ཀྱིས་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པར་གཞིགས་ན། རྒྱ་ནག་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་༨༢་ཀྱིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཟོ་སྐྲུན་བྱས་པའི་དངོས་ཟོག་རྣམས་ཉོ་ཚོང་བྱེད་ཀྱི་ཡོད་པ་སྟེ། འཛམ་གླིང་གི་བཟོ་ཚོང་ལས་ཁང་ཆེ་ཁག་དེ་དག་གི་གྲས་སུ་ཨ་རིའི་ཨ་མཱ་ཟོན་དང་ཀུ་ཤུ་བཟོ་ཚོང་ཁང་། ཌེལ་དང་ནེ་ཁི། ཡུ་ནིཀ་ལོ། ཝྭིཀ་ཊོ་རི་ཡ་སིཀ་རེ་ཊི་དང་ཛ་ར་བཅས་འདུས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཞིན་ཅང་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་དེ་རྣམས་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་པའི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པ་མིན་པའི་དཔང་རྟགས་མི་འདུག་ཅེས་རྩོད་པ་རྒྱག་གི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་དང་སྐད་ཡིག་སློབ་གྲྭ་ཡིན། ཞིན་ཅང་གི་ཡུ་གུར་བ་ཚོར་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པ་ཏེ་ལམ་ལོག་ཏུ་འཕྱན་པ་ཚོར་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་འགྲེལ་བཤད་རྒྱག་གིན་ཡོད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དེ་ལ་བདེན་པར་འཛིན་གྱི་མེད་པ་རེད།།

XS
SM
MD
LG