ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གིས་བླ་ཆེན་པོབ་གསར་པར་འཚམས་འདྲི།


ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ཎའི་ཆོས་རྗེ་ཧོར་ཧེ་བྷར་གྷོ་ལི་འོ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་༢༦༦་པར་འདེམས་ཐོན་བྱུང་ཞིང་། རྒྱ་ནག་གཞུང་གིས་པོབ་ཧྥ་རན་སི་སི་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་བླ་ཆེན་མཆོག་གི་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུས་ཀྱང་། པེ་ཅིང་གི་འགོ་ཁྲིད་ཚོས་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གྱི་ཕྱི་འབྲེལ་སླར་གསོ་བྱེད་པར་ཆ་རྐྱེན་བཞག་ཡོད་པ་དེར་འགྱུར་བ་བཏང་མེད་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་གདན་ས་ཝེ་ཊི་ཁན་ལ་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད། ཡིན་ནའང་གདན་ས་ཝེ་ཊི་ཁན་གྱིས་ཆོས་ལུགས་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། གདན་ས་ཝེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའང་ངེས་པར་དུ་གཅོད་དགོས། ང་ཚོས་པོབ་གསར་པ་འདིའི་དབུ་ཁྲིད་འོག་རྒྱ་ནག་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་གྱི་འབྲེལ་བའི་ཡར་རྒྱས་བཏང་སྟེ། ང་ཚོ་ཕྱོགས་གཉིས་ཀར་དགེ་མཚན་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་རེ་བ་འཆང་ཡོད་ཅེས་བཤད་ཡོད། གདན་ས་ཝེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་སླར་གསོ་བྱ་རྒྱུ་དེར་དཀའ་ངལ་གང་ཡང་མེད་མོད། འོན་ཀྱང་རྒྱ་ནག་ལ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲིང་བ་ས་ཡ་མང་པོ་ཡོད་པ་དེ་ཚོར་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་གི་ཐོབ་ཐང་སྤྲོད་རྒྱུ་དང་། བླ་ཆེན་པོབ་མཆོག་དང་གདན་ས་ཝེ་ཊི་ཁན་ལ་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་སྲོལ་རྒྱུན་གྱི་འགན་དབང་ཡོད་པར་རྒྱ་ནག་གཞུང་གིས་བརྩི་འཇོག་བྱ་དགོས་པ་མ་ཟད། རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་རྣམས་ཀྱང་བླ་ཆེན་པོབ་མཆོག་དང་གདན་ས་ཝེ་ཊི་ཁན་ལ་བསྐོ་བཞག་བྱེད་དུ་འཇུག་རྒྱུའི་ཁག་ཐེག་བྱེད་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་པས། རྒྱ་ནག་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་སྔར་བཞིན་སེལ་ཐུབ་མེད་པ་རེད།།
XS
SM
MD
LG