ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ཀྱི་སྟོད་ཕྱོགས་འབྲོག་ས་ཁག་དམག་སྒར་ལ་སྒྱུར་བཞིན་པ།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་གྲོང་རྡལ་ཁག་ཏུ་ཁྱིམ་གཞིས་ཆགས་དགོས་ཞེས་ས་ཁུལ་གཅིག་ཏུ་བསྡུ་བ་དང་འབྲོག་ས་ཁག་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་དང་བྱེད་བཞིན་ཡོད་པ་དེ་དག་གི་གྲས་སུ་བོད་རང་སྐྱོང་ལྗོངས། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁྱབ་ཁོངས་རྫོང་ཁག་འགའ་ཞིག་གི་འབྲོག་ས་མང་པོ་ཞིག་བཙན་འཕྲོག་བྱས་ནས་འབྲོག་པ་རྣམས་གྲོང་རྡལ་ཅན་དུ་བསྒྱུར་ཡོད་ཅིང་། དེང་སྐབས་འབྲོག་སའི་ཐོག་ཏུ་རྒྱ་ནག་གི་དམག་སྒར་དང་དམག་སྦྱོང་བྱ་ཡུལ་འཛུགས་སྐྲུན་བྱས་འདུག རྒྱ་ནག་གཞུང་གིས་ས་གནས་བོད་པ་ཚོར་འབྲོག་ས་དམག་སྒར་དུ་སྒྱུར་གྱི་ཡོད་པའི་གནས་ཚུལ་རྣམས་ཕྱི་ལ་བརྒྱུད་བསྒྲགས་བྱེད་མི་ཆོག གལ་སྲིད་གང་བྱུང་བཤད་པ་ཡིན་ན་ཁྲིམས་འགལ་ཡིན་པ་དང་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་ཡང་ནས་ཡང་དུ་མི་དམངས་རྣམས་ཚོགས་འདུར་བསྐོངས་ཏེ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་གྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཕྱི་ཟླ་༤་ཚེས་༢༩་ཉིན་གྱི་ཞོགས་པར་དིང་རི་རྫོང་དུ་བོད་པ་ཚོ་ཚོགས་འདུར་བསྐོངས་ཏེ་འབྲོག་པ་མང་ཚོགས་ལ་རྒྱ་གཞུང་གིས་མུ་མཐུད་དུ་རྩྭ་རིན་དང་ཆུ་རིན་རྣམས་སྤྲོད་ཆོག འོན་ཀྱང་སྤྱི་ཚོགས་སུ་འབྲོག་ས་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་བརྒྱུད་སྐུར་བྱས་པ་སོགས་བྱུང་ཚེ། སྲིད་གཞུང་གི་རོགས་སྐྱོར་ཚང་མ་མེད་པར་བཟོ་རྒྱུ་དང་ཁྲིམས་ཆད་ནན་མོ་གཅད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱིན་འདུག བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་དང་གམ་པ་རྫོང་། དིང་རི་རྫོང་དང་ངམ་རིང་རྫོང་། རུ་ཐོག་རྫོང་དང་གཉའ་ལམ་རྫོང་བཅས་སུ་ཕྱི་ལོ་༢༠༡༡་ནས་རྒྱ་གཞུང་གི་བཀོད་ཁྱབ་ལྟར་འབྲོག་པ་རྣམས་རྫོང་ཁག་སོ་སོའི་གྲོང་རྡལ་ཁག་ཏུ་ཁྱིམ་གཞིས་གསར་ཆགས་བྱེད་དུ་བཅུག་སྟེ་ལོ་བཅུ་ཕྱིན་པའི་རིང་དུ་འབྲོག་པ་དུད་ཁྱིམ་ཁག་ལ་རྩྭ་རིན་ཆུ་རིན་སྤྲད་འདུག འབྲོག་ས་སྟོང་པ་དེ་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་ཨུ་ཡོན་ལྷ་ཁང་ཟེར་བར་རྩིས་སྤྲོད་བྱས་ནས་དམིགས་བསལ་གྱི་དམག་གི་ས་གནས་ཤིག་ཏུ་སྒྱུར་བཞིན་ཡོད་པའི་འགྲེལ་བརྗོད་གནང་འདུག

གསར་འགྱུར་མཁོ་སྤྲོད་པ་གཞན་ཞིག་གིས་འགྲེལ་བརྗོད་བྱས་དོན་ལྟར་ན། རྒྱ་ནག་གཞུང་གིས་འབྲོག་པ་མང་ཚོགས་རྣམས་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ན་གང་ཅིའི་ཐད་དུ་རོགས་རམ་དང་ཐོབ་ཐང་བཟང་བ་སྤྲོད་རྒྱུའི་སློབ་གསོ་སྤེལ་གྱི་ཡོད་པས་བོད་པ་མང་པོ་ཞིག་གིས་རང་གི་འཚོ་བའི་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ཀྱི་ཡོད་ཅིང་། དེ་བཞིན་འབྲོག་པ་ཚོར་ཤེས་ཡོན་སློབ་སྦྱོང་དང་ལག་རྩལ་སོགས་གང་ཡང་མེད་སྟབས་འབྲོག་པ་གྲོང་རྡལ་དུ་གཞིས་ཆགས་ན་འཚོ་རྟེན་གྱི་དམིགས་སྒོ་གང་ཡང་མེད་པར་ན་གཞོན་པ་རྣམས་རྒྱ་མིའི་ལམ་བཟོ་དང་རྡོ་གཤག་པ་སོགས་གྲོང་ཁྱེར་ཁག་ཏུ་ཨར་ལས་སོགས་ལ་བསྐྱོད་ནས་ཁྱིམ་ཚང་གི་འཚོ་ཐབས་འཚོལ་གྱི་ཡོད་པའི་གནས་ཚུལ་ཐོན། སྟོད་ཕྱོགས་སུ་དམག་སྒར་ཆེ་ཤོས་ནི་གྲག་སྲོ་དམག་སྒར་ཡིན་པ་དང་དམག་སྒར་དེ་ནི་དེང་སྐབས་ཧ་ཅང་གི་གཞི་རྒྱ་ཆེ་རུ་བཏང་སྟེ་ས་མཚམས་ལ་བར་ཐག་ཉེ་བའི་སྟོད་ཕྱོགས་ཀྱི་ས་ཆ་གནད་འགག་ཆེ་ས་ཚང་མར་དམག་སྒར་འཛུགས་སྐྲུན་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG