ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གཞུང་གིས་ཞིན་ཅང་ནང་ཕྲུ་གུ་སྐྱེ་རྒྱུ་ཉུང་དུ་ཕྱིན་པ་ངོས་ལེན། 


ཡུ་གུར་བའི་བུད་མེད་ཚོར་སྐྱེས་སྒོ་རྩ་གཅོད་བྱས་པའི་ཐད་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གསལ་བསྒྲགས་སྤེལ།
ཡུ་གུར་བའི་བུད་མེད་ཚོར་སྐྱེས་སྒོ་རྩ་གཅོད་བྱས་པའི་ཐད་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གསལ་བསྒྲགས་སྤེལ།

༄༅།། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཚོས་མངའ་ཁུལ་དེར་ཕྲུ་གིུ་སྐྱེ་རྒྱུ་ཉུང་དུ་ཕྱིན་འདུག ཡིན་ནའང་འདི་ནི་ཡུ་གུར་བའི་བུད་མེད་ཚོར་སྐྱེས་སྒོ་རྩ་གཅོད་བྱས་ནས་ཕྲུ་གུའི་སྐྱེས་གྲངས་ཉུང་དུ་ཕྱིན་པ་ཞིག་མ་རེད། ༢༠༡༧་ལོའི་ཞིན་ཅང་གི་ཕྲུ་གུའི་སྐྱེས་གྲངས་ལ་བསྡུར་ཚེ། ༢༠༡༨་ལོར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་ཕྲུ་གུའི་སྐྱེས་གྲངས་གསུམ་ཆའི་གཅིག་ཉུང་དུ་ཕྱིན་འདུག ཞིན་ཅང་གི་སྤྱི་ཡོངས་མི་གྲངས་སྐྱེས་འཕེལ་ལ་གཞིགས་ན་ཡུ་གུར་བའི་མི་འབོར་འཕེལ་རྒྱས་ཧ་ཅང་ཡག་པོ་བྱུང་ཡོད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་། ཁོ་ཚོའི་ཁེ་ཕན་བཅས་ལ་སྲུང་སྐྱོབ་ཚུལ་བཞིན་བྱེད་བཞིན་ཡོད། ཕྱི་ལོགས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་པ་ནི་དཀྲོག་གཏམ་རེད། ཨེ་ཌི་རེན་ཛན་ཛི་ཞེས་པའི་ཉམས་ཞིབ་པ་ཞིག་གིས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཟེར་པའང་དོན་དངོས་ལ་འགལ། ༢༠༡༠་ནས་༢༠༡༨་བར་དུ་ཞིན་ཅང་གི་མི་འབོར་ས་ཡ་༣་འཕེལ་རྒྱས་བྱུང་ཡོད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཡིག་ཆ་ཤོག་གྲངས་དྲུག་ཅན་ཞིག་བཏང་འདུག གོང་གི་ཡིག་ཆ་དེར་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བུད་མེད་ཚོར་བཙན་དབང་གིས་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་པ་དང་བཙན་གཡེམ་འཕོག་གི་ཡོད་པའི་གནས་ཚུལ་ཐོན་པ་དེ་ཚོར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་ཅིང་། རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བའི་བུད་མེད་ཚོར་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་པ་དང་བུད་མེད་ཚོར་བཙན་གཡེམ་འཕོག་གི་ཡོད་པའི་གནས་ཚུལ་ཐོན་ཏེ་ཟླ་བ་གཅིག་ལྷག་གི་རྗེས་སུ་མ་གཏོགས་ཞིན་ཅང་གི་ས་གནས་འགོ་ཁྲིད་ཚོས་དེ་ལ་ལན་འདེབས་བྱས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད་པ་རེད།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཞིབ་འཇུག་སྙན་ཐོ་བཏོན་པར་གཞིགས་ན། རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་ལ་བཅུག་ནས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པ། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་རྒྱ་མི་རིགས་བཅས་ལ་དགའ་ཞེན་བྱ་དགོས་ཤིང་། ཞིན་ཅང་གི་ཡུ་གུར་བ་ཚོས་རང་ཉིད་རྒྱ་ནག་གི་མི་ཁོངས་ཡིན་པའི་འདུ་ཤེས་འཛིན་དགོས་པ་དང་ཡུ་གུར་བའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་འདུ་ཤེས་བཅས་པ་རྒྱབ་ཏུ་བསྐྱུར་ནས་རྒྱ་ཡིག་རྒྱ་སྐད། རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སོགས་ལ་སློབ་སྦྱོང་བྱས་ནས་ཡུ་གུར་བ་རྣམས་རྒྱ་མི་རིགས་ལ་འགྱུར་དགོས་པའི་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བའི་ལས་འགུལ་སྤེལ། རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། ཞིན་ཅང་གི་ཡུ་གུར་བ་སོགས་ལ་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ནས་ལམ་ལོག་འཕྱན་པ་ཚོར་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད། ཁོ་ཚོར་སྐད་ཡིག་དང་ལག་ཤེས་སློབ་ཀྱི་ཡོད་ཅེས་བཀྲལ། ཡིན་ནའང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཕལ་མོ་ཆེས་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཞིན་ཅང་གི་ཁ་ཆེ་རྣམས་འགོག་ཉར་བྱ་ཡུལ་བཙོན་ཁང་ཡིན་པ་རྩད་གཅོད་ཐུབ་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེའི་བུད་མེད་ཚོར་བཙན་དབང་གིས་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་པ་ཁུངས་སྐྱེལ་ཐུབ་ཡོད་པ་རེད།།

རྒྱལ་སྤྱིའི་དམར་ཤོག་གི་གདུག་རྩུབ་མྱོང་མཁན་ཚོར་རྗེས་དྲན་བྱེད་མཁན་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨ་ཌི་རེན་ཛན་ཛིས་ཞེས་པའི་ཉམས་ཞིབ་པ་ཞིག་གིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ཞིན་ཅང་གི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་རྒྱ་ནག་གཞུང་གིས་༢༠༡༦་ལོར་བུད་མེད་ཁྲི་ཚོ་གཅིག་རེའི་གྲས་སུ་ཆ་མཉམ་བུད་མེད་༥༠་ཡས་མས་རེར་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་མོད། འོན་ཀྱང་༢༠༡༨་ལོར་བུད་མེད་ཁྲི་ཚོ་གཅིག་རེའི་གྲས་སུ་ཆ་མཉམ་བུད་མེད་༢༥༠་ལྷག་ལ་སྐྱེས་སྒོ་རྩ་གཅོད་བྱས་འདུག འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རིགས་གཙང་སེལ་ཞེས་པའི་མཚན་ཉིད་ལ་ཡོངས་སུ་མཐུན། ཞིན་ཅང་གི་ཡུ་གུར་བའི་བུད་མེད་ཚོར་འདོད་པ་མེད་བཞིན་དུ་རྒྱ་ནག་གཞུང་གིས་བཙན་དབང་གིས་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཞིན་ཅང་གི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་རྒྱ་ནག་རྒྱལ་ཡོངས་སུ་སྐྱེས་སྒོ་རྩ་གཅོད་བྱས་པའམ། ཡང་ན་བུད་མེད་ཀྱི་མངལ་སྒོ་བསྡམས་པའི་བརྒྱ་ཆ་བརྒྱ་༨༠་ལྷག་ཞིན་ཅང་ལ་བྱུང་ཡོད། ༢༠༡༧་ལོར་ཆ་མཉམ་བུད་མེད་༡༠༠༠་རེར་ཕྲུ་གུ་སྐྱེ་རྒྱུ་བརྒྱ་ཆ་༡༦་མ་ཟིན་ཙམ་ཞིག་ཉུང་དུ་ཕྱིན་འདུག ༢༠༡༨་ལོར་ཆ་མཉམ་བུད་མེད་༡༠༠༠་རེར་ཕྲུ་གུ་སྐྱེ་རྒྱུ་བརྒྱ་ཆ་༡༡་མ་ཟིན་ཙམ་ཞིག་ཉུང་དུ་འདུག འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ་བཟའ་ཚང་རེ་ཕྲུ་གུ་གཅིག་རེ་ལས་སྐྱེས་མི་ཆོག་པའི་བཅའ་ཁྲིམས་ལག་ལེན་བསྟར་པའི་ཉེར་ལེན་རེད་ཅེས་རྒྱུ་མཚན་བགྲངས། རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཀྱི་ས་གནས་ཁག་ཏུ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱས་ནས་བཟའ་ཚང་རེར་ཕྲུ་གུ་གཉིས་རེ་དང་དེ་ལས་མང་བ་སྐྱེ་ཆོག་ཅེས་མི་འབོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཀྱི་ཡོད་པ་རེད།།

༢༠༡༥་བར་དུ་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་ཅེས་བཀག ཡིན་ནའང་ཞིན་ཅང་གི་ཡུ་གུར་བ་ཚོར་ཉུང་མཐར་ཡང་ཕྲུ་གུ་གཉིས་གསུམ་རེ་སྐྱེས། ཞིན་ཅང་གི་གྲོང་གསེབ་ཁག་ཏུ་རྒྱ་གཞུང་གི་སྐྱེས་སྒོ་འགོག་པའི་སྲིད་ཇུས་ལ་གཏན་ནས་དང་ལེན་མ་བྱས་པར་ཁྱིམ་ཚང་རེར་ཕྲུ་གུ་མང་པོ་སྐྱེས། ༢༠༡༧་ལོ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་པ་དེར་ནུས་པ་ཐོན། ༢༠༡༨་ལོར་ཞིན་ཅང་ལ་ལོ་སྔོན་མ་དེར་བསྡུར་ན་ཕྲུ་གུ་༡༢༠༠༠༠་སྐྱེ་རྒྱུ་ཉུང་དུ་ཕྱིན་འདུག འདི་ནི་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལ་ནུས་པ་ཐོན་པ་དང་ཡུ་གུར་བའི་ཤེས་ཡོན་སློབ་གསོའི་གོ་རྟོགས་མཐོ་རུ་ཕྱིན་པ། ཁྱིམ་ཚང་གི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཕྱིན་ཏེ་རང་མོས་གྱིས་སྐྱེས་སྒོ་བཀག་པ་རེད་ཟེར། ཉམས་ཞིབ་པ་ཨ་ཌི་རེན་ཛན་ཛིས་ས་གནས་ཤིག་གི་མི་འབོར་གྱི་སྐྱེས་འཕེལ་ཉུང་དུ་འགྲོ་དགོས་ན་ལོ་འགའ་ཞིག་ནས་ལོ་བཅུ་ཕྲག་གཅིག་ཡས་མས་རེ་འགོར་གྱི་རེད། ལོ་གཅིག་ནས་ལོ་གསུམ་བར་དུ་ཞིན་ཅང་གི་ཡུ་གུར་བའི་མི་འབོར་འཕེལ་རྒྱས་ཧ་ཅང་ཉུང་དུ་ཕྱིན་པ་ནི་ཡ་མཚན་ཞིག་རེད། རྒྱ་གཞུང་གིས་འགྲེལ་བཤད་རྒྱག་སྟངས་དང་ཕྲུ་གུའི་སྐྱེས་གྲངས་གཉིས་བསྡུར་ན་ཡུ་གུར་བུའི་བུད་མེད་ལྡབ་༡༧་ལས་མང་བ་ཞིག་གིས་གློ་བུར་དུ་རང་མོས་ཀྱིས་སྐྱེས་སྒོ་རྩ་གཅོད་བྱེད་དུ་བཅུག་པ་རེད། འདི་ནི་ཇི་ལྟར་ཡོང་སྲིད་པ་ཞིག་རེད། ཞིན་ཅང་དུ་གནས་འཁོད་རྒྱ་ནག་པའི་ཉམས་ཞིབ་པ་ཚོས་ཡུ་གུར་བའི་བུད་མེད་ཚོས་སྐྱེས་སྒོ་འགོག་རྒྱུ་དེར་གཏན་ནས་མོས་མཐུན་བྱེད་ཀྱི་མི་འདུག་ཅེས་རྩོམ་ཡིག་བྲིས་པ་རེད། རྒྱ་ནག་གཞུང་གིས་བཙན་དབང་མ་བྱས་པར་ཞིན་ཅང་གི་ཡུ་གུར་བའི་བུད་མེད་ཚོས་རང་མོས་ཀྱིས་སྐྱེ་སྒོ་འགོག་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་དོགས་སློང་བྱས་འདུག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཞིན་ཅང་གི་སཱུམ་ར་ཏ་དྷ་ཝུ་ཏ་དང་གྷུལ་བྷ་ཁཱར་ཇཱ་ལི་ལཱོ་ཝྭ་ཞེས་པའི་བུད་མེད་གཉིས་ལ་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བར་ལྟར་ན། ཡུ་གུར་བའི་བུད་མེད་དྷ་ཝུ་ཏ་༢༠༡༨་ལོའི་ཕྱི་ཟླ་༣་པ་ནས་དུས་ཡུན་ཟླ་བ་གསུམ་ལ་བཀག་ཉར་ཁང་དུ་བཅུག ཁོ་མོར་ཕྲུ་གུ་མང་པོ་སྐྱེས་པའི་སྟབས་ཀྱིས་ས་གནས་གཞུང་ལ་དངུལ་སྒོར་ཉེས་ཆད་འཇལ་དགོས་བྱུང་སོང་ཞེས་བཤད། རྒྱ་ནག་གཞུང་གིས་དྷ་ཝུ་ཏ་ཞེས་པའི་བུད་མེད་ཅིག་ལག་ཤེས་སློབ་གྲྭར་ཡོང་མྱོང་མི་འདུག ཁོ་མོའི་སྐྱེས་སྒོ་བསྡམས་པ་ནི་རང་མོས་ཐོག་ཏུ་བྱས་པ་ཞིག་རེད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ལན་བཏབ། ཇཱ་ལི་ལཱོ་ཝྭ་ཞེས་པའི་བུད་མེད་དེ་མི་རིགས་ཡུ་གུར་བ་ཡིན་པ་དང་རྒྱལ་ཁོངས་ཁ་ཛཀ་སི་ཐན་ཡིན་ཞིང་། ཁོ་མོ་༢༠༡༧་ལོར་ཁ་ཛཀ་སི་ཐན་ནས་ཞིན་ཅང་ལ་སླེབས། ཁོ་མོར་རྒྱ་ནག་གཞུང་གིས་འགྲེལ་བཤད་ཅི་ཡང་མེད་པར་ལོ་གཅིག་དང་ཟླ་བ་གསུམ་གྱི་རིང་དུ་བཀག་ཉར་ཁང་དུ་བཅུག ཇཱ་ལི་ལཱོ་ཝྭར་བཀག་ཉར་ཁང་གི་བཙོན་སྲུང་བ་ཚོས་བཙན་གཡེམ་བྱས་སོང་ཞེས་བཤད། རྒྱ་ནག་གཞུང་གིས་ཇཱ་ལི་ལཱོ་ཝྭ་ཞེས་པའི་བུད་མེད་ཅིག་ལོ་གཅིག་དང་ཟླ་བ་གསུམ་ལ་བཀག་ཉར་བྱས་པ་བདེན་པ་རེད། ཁོ་མོས་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱས་པའི་དོགས་གཞིའི་འོག་ཏུ་བཀག་ཉར་བྱས་འདུག ཁོ་མོར་བཀག་ཉར་ཁང་དུ་བཙན་གཡེམ་དང་མནར་གཅོད་སོགས་ཅི་ཡང་ཕོག་མེད། ཁོ་མོའི་ཐོབ་ཐང་ལ་སྲུང་སྐྱོབ་ཆ་ཚང་བྱས་ཡོད་ཅེས་བཤད། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་བུད་མེད་ཚོར་སྐྱེས་སྒོ་འགོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ནི་མི་འབོར་འཕེལ་རྒྱས་ལ་སྟངས་འཛིན་བྱ་རྒྱུ་དེར་འབྲེལ་བ་མི་འདུག འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་རྩ་མེད་གཏོང་བར་མི་འབོར་འཕེལ་རྒྱས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་གླེང་ངོ་།།

XS
SM
MD
LG