ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

པེ་ཅིང་གི་རྒྱ་མོ་ཞིག་ལ་སྦྲག་ཡིག་བརྒྱུད་ནས་ནད་དུག་འགོས་སྐད།


༄༅།། རྒྱ་ནག་གཞུང་གིས་པེ་ཅིང་གི་རྒྱ་མོ་ཞིག་ལ་ཁེ་ན་ཌ་ནས་འབྱོར་བའི་སྦྲག་ཡིག་ཅིག་བརྒྱུད་ནས་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་འདུག་པའི་གནས་ཚུལ་སྤེལ། ཁེ་ན་ཌའི་འཕྲོད་བསྟེན་བློན་ཆེན་གྱིས་རྒྱ་ནག་གི་སྐད་ཆ་དེ་ཁྱད་མཚར་ཞིག་རེད་ཅེས་ལན་བསློགས། ཕྱི་ཟླ་༡་ཚེས་པའི་༡༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ལྟེ་གནས་ཁང་གིས་པེ་ཅིང་བ་རྒྱ་མོ་ཞིག་གིས་ཁེ་ན་ཌ་ནས་འབྱོར་བའི་ཡིག་ཆ་ཤོག་གྲངས་༢༢་བཀླགས་པའི་རྗེས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་། ཕྱི་རྒྱལ་ནས་འབྱོར་བའི་སྦྲག་ཡིག་དང་བསྐུར་མ་སོགས་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་མེད་པའི་ངེས་པ་མི་འདུག སྦྲག་ཡིག་དེ་ཕྱི་ཟླ་༡་ཚེས་༧་ཉིན་ཁེ་ན་ཌ་ནས་བསྐུར་ཡོད་པ་དང་ཕྱི་ཟླ་༡་ཚེས་༡༡་ཉིན་པེ་ཅིང་ལ་འབྱོར་འདུག་ཅེས་ཁྱབ་བསྒྲགས་བྱས་ཤིང་། ཁེ་ན་ཌའི་འཕྲོད་བསྟེན་བློན་ཆེན་གྱིས་རྒྱ་ནག་གི་སྐད་ཆ་དེར་མཐའ་གཅིག་ཏུ་དགག་པ་མ་བརྒྱབ་པར་འཕྲོད་བསྟེན་མཁས་པ་ཚོར་སྐད་ཆ་འདྲི་རྒྱུ་ཡིན། སྦྲག་ཡིག་བརྒྱུད་ནས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག་ཟེར་བ་ནི་ཁྱད་མཚར་ཞིག་རེད། ང་ནི་སྨན་པ་དང་སྐྱེ་ལྡན་རིག་པ་བ་ཞིག་མིན། ངས་ཆེད་ལས་མཁས་པ་ཚོར་སྐད་ཆ་དྲིས་ནས་ལན་འདེབས་བྱེད་ཆོག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། རྒྱ་ནག་གི་སྦྲག་ཟམ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་སྦྲག་ཡིག་དང་བསྐུར་མ་སོགས་ལ་དུག་སེལ་བྱས་ནས་སྐྱེལ་དགོས། མི་དམངས་ལའང་ཕྱི་རྒྱལ་ནས་འབྱོར་བའི་སྦྲག་ཡིག་དང་བསྐུར་མ་རྣམས་ལག་ཤུབས་གོན་ནས་ཕྱི་ལོགས་སུ་ཁེ་ཕྱེས་ཞེས་བཀོད་ཁྱབ་བཏང་འདུག

ད་ལྟ་པེ་ཅིང་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱི་ཟླ་༢་པའི་ཚེས་༤་ནས་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པ་དེར་བར་ཆད་འབྱུང་སྲིད་བློ་འཚབ་བྱ་རྒྱུ་ཤུགས་ཆེ་རུ་སོང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་སྤྱིའི་འཕྲོད་བསྟེན་མཁས་པ་ཁག ཨ་མི་རི་ཀའི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་སོགས་ཀྱིས་དྭགས་ལྕགས་དང་ཤིང་། རས་དང་འགྱིག་སོགས་ལ་ཏོག་དབྱིབས་ནད་དུག་འགོས་ཀྱང་ཉིན་ཤས་རྗེས་སུ་མི་ལ་བགོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆུང་། ཅིའི་ཕྱིར་ཞེ་ན་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ནི་ཁ་རླངས་དང་ཁ་ཆུ་སྣ་ཆུ་བརྒྱུད་ནས་ཕན་ཚུན་བགོ་ཡི་རེད། ཏོག་དབྱིབས་ནད་དུག་དེ་མི་ནས་མི་དང་སྲོག་ཆགས་ཤིག་བརྒྱུད་ནས་ཕན་ཚུན་བགོ་དགོས། ཟས་རིགས་བསྐུར་མའི་ཕྱི་ཐུམ་དང་ཡིག་ཤུབས་སོགས་ཀྱི་ཐོག་ཏུ་ནད་དུག་འགོས་ཀྱང་འཚོ་གནས་མི་ཐུབ་ཅེས་བསྟན། རྒྱ་ནག་གཞུང་རྟག་ཏུ་ཕྱི་རྒྱལ་ནས་འབྱོར་བའི་ཟས་རིགས་ཀྱི་ཕྱི་ཐུམ་སོགས་ལ་ནད་དུག་འགོས་ནས་མི་ལ་བགོ་ཡི་འདུག་ཟེར། དེ་རིང་ཕྱི་ཚེས་༡༨་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཨ་མི་རི་ཀ་དང་ཁེ་ན་ཌ་ནས་འབྱོར་བའི་སྦྲག་ཡིག་སོགས་ལ་ལག་པ་འཆང་བའི་མི་ཚོར་ཏོག་དབྱིབས་ནད་དུག་འགོ་ཡི་འདུག རྒྱ་ནག་ལྷོ་ཕྱོགས་ཀྱི་ཧྲེན་ཀྲེན་གྲོང་ཁྱེར་གྱི་སྐྱེས་པ་ཞིག་གིས་ཀྱང་བྱང་ཨ་རི་ནས་འབྱོར་བའི་བསྐུར་མ་ཞིག་ལ་ལག་པ་འཆང་སྟེ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་གནས་ཚུལ་སྤེལ། གཟའ་མིག་དམར་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡་པའི་ཚེས་༡༦་ཉིན་པེ་ཅིང་བ་རྒྱ་མོ་དེ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དུ་སོང་སྟེ་ནད་རྟགས་ཐོན། པེ་ཅིང་གྲོང་ཁྱེར་གྱི་ཧེ་ཏེན་ས་ཁུལ་དུ་མི་༤་ལ་ཏོག་དབྱིབས་ནད་རྟགས་ཐོན་པའི་རྗེས་སུ་རྒྱ་ནག་གཞུང་གིས་སྔོན་བརྡ་སོགས་གང་མ་བཏང་བར་གློ་བུར་དུ་ས་ཁུལ་དེར་འགྲོ་འོང་བཀག དེར་བརྟེན་ཁང་ཆེན་ཁག་གི་མི་རྣམས་ཕྱི་ལ་མ་ཐར་པ་དང་ཕྱི་ལོགས་ཀྱི་མི་རྣམས་ནང་དུ་མ་ཐར་པར་དཀའ་ངལ་ནང་དུ་ཚུད། པེ་ཅིང་གྲོང་ཁྱེར་གཞུང་གིས་ཧེ་ཏེན་ས་ཁུལ་གྱི་གྲོང་མི་ཚང་མར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་འགོ་ཚུགས།།

ཉེ་ཆར་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་དུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། རྒྱ་ནག་གཞུང་གིས་པེ་ཅིང་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པའི་དོགས་ཟོན་བྱས་ནས་པེ་ཅིང་དང་ཐེན་ཅིན་བར་གྱི་མེ་འཁོར་དང་སྒེར་འཁོར་གྱི་འགྲིམ་འགྲུལ་བཀག ཐེན་ཅིན་ནས་པེ་ཅིང་བར་དུ་སྤྱི་ལེ་༡༤༠་ལྷག་གི་རྒྱང་ཁད་ལས་མེད་པ་དེར་མགྱོགས་མྱུར་མེ་འཁོར་ནང་དུ་ཆུ་ཚོད་ཕྱེད་ཀ་ལས་མི་འགོར། ཉིན་ལྟར་མི་གྲངས་འབུམ་༡་ཡས་མས་རེ་ཕར་ཚུར་ལས་ཀར་འགྲོ་བཞིན་ཡོད་པས་རྒྱ་ནག་གཞུང་གིས་ཆེད་ལས་པ་ཚོ་རང་ཁྱིམ་དུ་འཛུལ་དགོས། ཐེན་ཅིན་ནས་པེ་ཅིང་ལ་ལས་ཀར་ཡོང་མི་དགོས་པར་རྒྱང་ལས་བྱེད་ཆོག་ཅེས་བཀའ་ཕབ། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་༡༤་ལྷག་གི་རིང་དུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་པེ་ཅིང་གི་རྒྱ་མོ་དེ་ཏོག་དབྱིབས་ནད་དུག་འགོས་པའི་མི་གཞན་ལ་འབྲེལ་བྱུང་མེད་པ་དང་ཁོ་མོ་པེ་ཅིང་ནས་ས་གནས་གཞན་ལའང་ཕྱིན་མི་འདུག འོན་ཀྱང་རྒྱ་མོ་དེར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ནི་ས་ཁུལ་དེར་སྔོན་ནས་ཏོག་དབྱིབས་ནད་དུག་ཁྱབ་ཟིན་ཡོད་པའི་དོགས་པ་བྱེད་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གི་འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་ཏོག་དབྱིབས་ནད་དུག་ཁྱབ་ཞོར་དང་འགོག་བཅོས་བྱེད་ཞོར་བྱེད་ཀྱི་ཡོད་པ་ལྟར་མ་ཡིན་པར་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་དང་སྒོ་རྒྱ་བསྡམས། མི་གྲངས་སྟོང་ཕྲག་མང་པོ་ཟུར་འགོག་བྱེད་པ་དང་ཕྱི་རྒྱལ་ལ་འགྲིམ་འགྲུལ་བཀག་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལྟ་པེ་ཅིང་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཞིག་ཐོན་པ་ནི་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་ནུས་པ་མ་ཐོན་པའི་རྟགས་སུ་མངོན།།

བདུན་ཕྲག་རྗེས་མ་ཙམ་ནས་ཕྱི་རྒྱལ་གྱི་ཨོ་ལིམ་ཕིཀ་རྩེད་འགྲན་པ་སྟོང་ཕྲག་མང་པོ་པེ་ཅིང་ལ་འབྱོར་གྱི་ཡོད་པ་དང་གྲོང་ཁྱེར་དེར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་མི་ཁྱབ་པའི་ཆེད་དུ་རྩེད་འགྲན་པ་རྣམས་དང་པེ་ཅིང་གི་གྲོང་མི་རྣམས་འབྲེལ་བ་འབྱུང་དུ་མི་འཇུག་རྒྱུ། ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་རྒྱ་མོ་དེའི་ཁང་པ་དང་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་གཉིས་ལ་དུས་ཡུན་སྐར་མ་བཅོ་ལྔའི་ལམ་ཐག་ལས་མེད་པས་གཟའ་འཁོར་འདི་ནས་ས་ཁུལ་དེའི་མི་དམངས་རྣམས་རང་ཁྱིམ་དུ་བཀག་སྡེ་ཕྱི་ལ་འབུད་མི་ཆོག་ཅེས་སྒོ་རྒྱ་བསྡམས། གྲོང་གླིང་དེའི་བཞི་མདོ་ཁག་ཏུ་ལྕགས་རི་བསྐོར་བ་དང་གད་སྙིགས་རྣམས་ལོགས་སུ་སྤུངས་ནས་དམིགས་བསལ་གྱི་ནད་འགོག་འཕྲོད་བསྟེན་ལས་སྣེ་ཚོས་གཙང་སྦྲ་བྱ་རྒྱུ། རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་དང་མ་འདྲ་བར་པེ་ཅིང་གི་ཧེ་ཏེན་ས་ཁུལ་གྱི་གྲོང་མི་ཚོར་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་སོས་པ་འབྱིན་རྔུབ་བྱེད་དུ་འཇུག་རྒྱུ། རྒྱ་མོ་དེའི་ལས་ཁུངས་ཀྱང་སྒོ་བརྒྱབ་པ་དང་ཕྱི་ལོགས་སུ་གུར་ཆེན་ཕུབ་སྟེ་མི་མང་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་ཁང་ཆེན་དེར་དུག་སེལ་བྱས་ནས་བདེ་འཇགས་རེད་ཅེས་ངེས་གཏན་མ་བྱུང་བར་དུ་སྒོ་འབྱེད་ཆོག་གི་མེད་པའི་གནས་ཚུལ་ཐོན། པེ་ཅིང་གི་ས་གནས་འགོ་ཁྲིད་ཚོས་རང་ལ་འགན་འཁྲི་མི་འབྱུང་བའི་ཆེད་དུ་རྒྱ་མོ་དེ་བདུན་ཕྲག་གཉིས་ཀྱི་རིང་དུ་གང་ལ་ཕྱིན་པ་དང་སུ་ལ་འབྲེལ་བ་བྱུང་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་ནས་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ། ཐོ་གཞུང་དེར་རྒྱ་མོ་དེ་འགྲོ་སའི་ས་འོག་མེ་འཁོར་འབབ་ཚུགས་དང་སྤྱི་དམངས་ཁྲུས་ཁང་། བཟའ་ཆས་ཉོ་ས་ཚོང་ཁང་ཆེན་པོ་དང་རྒྱས་སྤྲོས་ཀྱི་ཅ་ལག་ཉོ་ས། པེ་ཅིང་ངང་པའི་ཤ་བསྲེགས་ཟ་ཁང་ཞིག་དང་གློག་བརྙན་ཁང་། སྐྲ་གཞར་ཁང་དང་འཁྱག་ཤུད་སྤྱི་གླིང་སོགས་བཀོད།།

རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་བཤད་པ་ལྟར་ན། རྒྱ་མོ་དེ་འགྲོ་ཡུལ་ས་གནས་ཁག་ལ་སྐབས་ཐོག་དེར་ཕྱིན་པའི་མི་གཞན་པ་༡༦༠༠༠་ལྷག་ལ་བྱུང་བ་ཐམས་ཅད་ལ་བརྟག་དཔྱད་བྱས་ཀྱང་ནད་རྟགས་ཐོན་མ་སོང་། རྒྱ་མོ་དེས་པེ་ཅིང་གྲོང་ཁྱེར་གྱི་མི་གཞན་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་བགོས་མི་འདུག་ཅེས་བསྒྲགས། པེ་ཅིང་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་གནས་ཚུལ་ཐོན་མ་ཐག་ཏུ་ཚོང་ཁང་ཆེན་པོ་ཞིག་སྒོ་བརྒྱབ་པར་མ་ཟད། ཧེ་ཏེན་ས་ཁུལ་གྱི་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབ་སྟེ་བདུན་ཕྲག་འདིར་སློབ་ཕྲུག་ཚོར་དྲྭ་ལམ་དུ་སློབ་ཁྲིད་བྱ་རྒྱུ། ཕྱི་ཟླ་༡་ཚེས་༢༢་བར་དུ་ས་ཁུལ་དེའི་ལྷ་ཁང་ཁག་དང་སྤྱི་གླིང་ཁག་ཀྱང་སྒོ་རྒྱག་རྒྱུ། པེ་ཅིང་གྲོང་ཁྱེར་ལ་ཡོང་མཁན་ཚང་མས་སྔོན་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ། ཨོ་ལིམ་ཕིཀ་རྩེད་འགྲན་ལ་བར་ཆད་མི་འབྱུང་བའི་ཆེད་དུ་གཟའ་ལྷག་པ་ནས་ཨ་མི་རི་ཀའི་འགྲུལ་སྐྱེལ་གནམ་གྲུ་ཡོད་དོ་ཅོག་སྐབས་ཤིག་གི་རིང་དུ་རྒྱ་ནག་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུའི་ཐག་བཅད། ཨོ་ལིམ་ཕིཀ་རྩེད་འགྲན་པ་རྣམས་རྒྱལ་ཁབ་སོ་སོས་དམིགས་བསལ་གནམ་གྲུ་བཏང་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་རྩེད་འགྲན་པ་ཚོར་ལོགས་སུ་སྐྱེལ་འདྲེན་གྱི་མཐུན་རྐྱེན་སྦྱོར་རྒྱུ། པེ་ཅིང་སློབ་གྲྭ་ཆེན་མོའི་སྨན་ཁང་དང་པོའི་དབུགས་འཚང་ནད་རིགས་ཀྱི་སྨན་པ་མཁས་པ་ཝང་གྭང་ཧྥས་རྒྱ་མོ་དེར་ཏོག་དབྱིབས་ནད་དུག་ཇི་ལྟར་འགོས་པ་ཤེས་རྟོགས་ཐུབ་དཀའ། གལ་ཏེ་པེ་ཅིང་ལ་ཁྱབ་པའི་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་དེའི་འབྱུང་ཁུངས་རྩད་གཅོད་མ་ཐུབ་ཚེ། པེ་ཅིང་ལ་ནད་འགོག་གི་སྲིད་ཇུས་ཅི་ཙམ་དམ་དུ་བཏང་རུང་ནད་དུག་ཁྱབ་རྒྱུའི་ཉེན་ཁ་ཆེ་ཞེས་བཤད། རྒྱ་ནག་གཞུང་གིས་ཀྱང་རྒྱ་མོ་དེར་ཁེ་ན་ཌ་ནས་འབྱོར་བའི་སྦྲག་ཡིག་བརྒྱུད་ནས་ནད་དུག་འགོས་པ་རེད་ཅེས་བརྒྱ་ཆ་བརྒྱ་ཐམ་པ་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG