ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཇཱོ་ཤི་ཝ་ཝང་ས་གནས་འོས་འདེམས་ལ་འགྲན་ཞུགས་མི་ཆོག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇཱོ་ཤི་ཝ་ཝང་ནི་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་དང་ཁོ་པས་ཨ་མི་རི་ཀ་ནས་དངུལ་སྒོར་བླངས་ཏེ་ཧོང་ཀོང་ལ་ཟིང་འཁྲུག་སློང་གི་འདུག་ཅེས་སྐྱོན་བཙུགས། ཇཱོ་ཤི་ཝ་ཝང་གིས་རང་ཉིད་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་ཞིག་མིན། ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་མྱུར་དུ་གཏན་འབེབས་བྱ་དགོས་ཞེས་འབོད་སྐུལ་ཞུས། ཕྱི་ཟླ་༡༠་པའི་ཚེས་༢༩་ཉིན་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཇཱོ་ཤི་ཝ་ཝང་ས་གནས་འོས་འདེམས་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་སྟེ། ཧོང་ཀོང་གི་འོས་བསྡུའི་འགན་འཛིན་ལཱོ་ར་ལེང་གིས་སྔོན་ཆད་ཇཱོ་ཤི་ཝ་ཝང་གིས་རང་བཙན་གྱི་ལངས་ཕྱོགས་བཟུང་ཡོད་པར་ད་དུང་ཡང་འགྱུར་བ་ཐེབས་མི་འདུག ཁོ་པ་ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་གྱི་ཧོང་ཀོང་གི་རྫོང་སྡེ་རིམ་པའི་འོས་འདེམས་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་ཡིན་ཞེས་བསྒྲགས། ཇཱོ་ཤི་ཝ་ཝང་གིས་ང་ལ་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཁ་རྡུང་གཏོང་གི་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་དབུས་གཞུང་གི་བཀོད་འདོམས་འོག་ཏུ་ང་ས་གནས་འོས་འདེམས་ལ་འགྲན་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་བསྒྲུབ་ཐུབ། ང་རྒྱ་ནག་དབུས་གཞུང་གིས་དམིགས་འབེན་དུ་བཟུང་ནས་ཧོང་ཀོང་རང་བཙན་གྱི་འགོ་ཁྲིད་ཅིག་ལ་སྒྱུར་གྱི་འདུག དེར་བརྟེན་ཧོང་ཀོང་གི་འོས་བསྡུའི་འགན་འཛིན་གྱིས་ང་ཧོང་ཀོང་གི་ས་གནས་འོས་འདེམས་ལ་འགྲན་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་རེད་ཅེས་བཤད།

ཇཱོ་ཤི་ཝ་ཝང་གིས་དམངས་གཙོའི་ལས་འགུལ་འདིས་་ཧོང་ཀོང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས་ཧོང་ཀོང་རང་བཙན་གྱི་འཐབ་རྩོད་བྱེད་ཀྱི་མེད་ཅེས་དག་འབུད་བྱས་ཀྱང་ཧོང་ཀོང་གི་འོས་བསྡུ་འགན་འཛིན་ལཱོ་ར་ལེང་གིས་རང་ཐག་རང་གཅོད་ཟེར་པ་ནི་ཧོང་ཀོང་རང་བཙན་གྱི་ཐབས་ཇུས་ཤིག་རེད། ཐབས་ཇུས་དེ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་རྒྱབ་འགལ་རེད་ཅེས་ཁྱབ་བསྒྲགས་བྱས་པར་མ་ཟད། ཕྱི་ཟླ་༡༠་ཚེས་༣༠་ཉིན་རྒྱ་ནག་གི་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་ཁང་གི་མགྲིན་ཚབ་པ་དབྱང་གྭང་གིས་ཀྱང་ཧོང་ཀོང་ས་གནས་གཞུང་གི་ཐག་གཅོད་དེ་འོས་འཚམས་ཤིག་ཡིན་པ་དོན་དངོས་དང་ཁྲིམས་ལུགས་ཐོག་ཏུ་གཞི་རྩ་འཛིན་ས་མང་དག་ཅིག་ཡོད། ཇཱོ་ཤི་ཝ་ཝང་གིས་རང་ཐག་རང་གཅོད་ཚུད་པའི་ཧོང་ཀོང་རང་བཙན་གྱི་འཐབ་རྩོད་བྱེད་ཀྱི་འདུག ཁོ་པར་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལྟར་འོས་མི་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་རྣམས་ཚང་མི་འདུག་ཅེས་ཧོང་ཀོང་ས་གནས་གཞུང་གི་ཐག་གཅོད་དེར་རྒྱབ་སྐྱོར་བྱས་འདུག རྒྱ་ནག་དབུས་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས་ལས་དོན་ཁང་གི་དྲྭ་ལམ་དུ་ཁྲང་ཨན་ཅན་ཞེས་པ་ཞིག་གིས་ཇཱོ་ཤི་ཝ་ཝང་གིས་ཨ་མི་རི་ཀ་ནས་དངུལ་སྒོར་འགྲོ་གྲོན་བླངས་ཏེ་ཧོང་ཀོང་ལ་གསར་བརྗེ་བསླངས་དགོས་པའི་ངན་སྐུལ་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་གི་ན་གཞོན་མང་པོ་ཞིག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་འདུག་ཅེས་སྐྱོན་འཛུགས་ཀྱི་རྩོམ་ཡིག་སྤེལ།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཇཱོ་ཤི་ཝ་ཝང་ས་གནས་འོས་འདེམས་ལ་མཉམ་ཞུགས་བྱེད་དུ་བཅུག་ན་ཧོང་ཀོང་ཁྲིམས་མཐུན་ཐོག་ཏུ་རྒྱ་ནག་གི་མངའ་འོག་ནས་ཁ་བྲལ་དུ་འགྲོ་ཆོག་པའི་མོས་མཐུན་བྱས་པ་མཚོན་ཐུབ། ཇཱོ་ཤི་ཝ་ཝང་གིས་ཨ་རིའི་གྲོས་ཚོགས་ལ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་དགོས་ཞེས་ནན་སྐུལ་བྱེད་ཀྱི་འདུག ཁོ་པའི་བྱ་སྤྱོད་དེས་ཧོང་ཀོང་གི་ཁེ་ཕན་ལ་གནོད་ཚབས་ཆེན་པོ་ཐེབས་ངེས་རེད་ཅེས་ཉེན་བརྡ་བཏང་ཞིང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཀྱང་ཇཱོ་ཤི་ཝ་ཝང་གིས་རྒྱ་ནག་ལ་ངོ་རྒོལ་དང་ཧོང་ཀོང་ལ་ཟིང་འཁྲུག་བསླངས་པར་ཉེས་ཆད་དྲག་པོ་གཅོད་དགོས་ཞེས་གསར་འགྱུར་སྤེལ། འོན་ཀྱང་གཟའ་ལྷག་པའི་ཉིན་ཇཱོ་ཤི་ཝ་ཝང་གིས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཐམས་ཅད་ཀྱིས་ང་ལ་ཁ་གཏད་ནས་སྐྱོན་བརྗོད་བྱེད་ཀྱི་འདུག ང་ས་གནས་ཀྱི་རྫོང་སྡེའི་ལྷན་ཁང་ཞིག་གི་ལས་སྣེ་འོས་འདེམས་ལ་འགྲན་ཞུགས་བྱས་པ་དང་ས་གནས་རྫོང་སྡེ་ཞིག་གི་ལས་དོན་ལ་འགན་ཁུར་ལེན་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་ཙམ་ཡིན། ང་ས་གནས་འོས་འདེམས་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་ནི་ང་ཧོང་ཀོང་གི་འོས་འདེམས་ལ་འགྲན་ཞུགས་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་པ་མཚོན་ཐུབ། རྒྱ་ནག་གཞུང་གིས་ང་བཙོན་ཁང་དུ་བཅུག་པ་དང་ང་ལ་ཞིབ་བཤེར་བྱེད་ཀྱང་ཆོག ཡིན་ནའང་ངས་ཧོང་ཀོང་གི་དམངས་གཙོའི་དོན་དུ་འཐབ་རྩོད་བྱ་རྒྱུ་ནམ་ཡང་མཚམས་འཇོག་བྱེད་མི་སྲིད་ཅེས་བཤད།

རྒྱ་ནག་གི་ཤེས་ཡོན་ཅན་ཚོས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་ཆབ་སྲིད་དང་ཁྲིམས་ལུགས་ལ་བསམ་བློ་བཏང་ནས་ཇཱོ་ཤི་ཝ་ཝང་ས་གནས་འོས་འདེམས་ལ་འགྲན་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་ཁྲིམས་མཐུན་ཞིག་ཡིན་པ་སྒྲུབ་ཐབས་བྱེད་ཀྱི་འདུག་ཅེས་བཤད། དཔེར་ན་རྒྱ་ནག་གི་ཧོང་ཀོང་དང་ཨོ་མེན་ཞིབ་འཇུག་ཁང་གི་ཚོགས་མི་གུ་མིན་ཁང་ཞེས་པ་ཞིག་གིས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་རང་བཙན་འཐབ་རྩོད་པ་རྣམས་འོས་འདེམས་ལ་མཉམ་ཞུགས་བྱེད་མི་ཆོག་ཅེས་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་རྒྱུ་མཚན་མ་འདྲ་བ་གཉིས་བགྲངས་སོང་། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གི་རྗོད་ཚིག་ལ་འདྲ་བའི་ཁྱད་པར་ཡོད་ཀྱང་དོན་དག་གཅིག་པ་རེད་ཅེས་བཤད། ཧྲང་ཧེ་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་ཧོང་ཀོང་ཉམས་ཞིབ་པ་ཀྲང་ཅན་ཞེས་པ་ཞིག་གིས་རྒྱ་ནག་གཞུང་གིས་ཇཱོ་ཤི་ཝ་ཝང་ལ་སྐྱོན་བརྗོད་བྱེད་དུས་བསམ་བཞིན་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལུང་འདྲེན་བྱས་མ་སོང་། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལུང་འདྲེན་བྱས་ན་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཇཱོ་ཤི་ཝ་ཝང་བཀག་འགོག་བྱས་པ་སྟོན་གྱི་ཡོད་པས་རེད་ཅེས་བཤད།

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་རྒྱ་ནག་གིས་ཇཱོ་ཤི་ཝ་ཝང་དམིགས་སུ་བཀར་ནས་ཧོང་ཀོང་གི་ས་གནས་འོས་འདེམས་ལ་འགྲན་ཞུགས་བྱེད་དུ་འཇུག་གི་མེད་པ་ནི་ཐབས་རྡུགས་ཤིག་རེད། འདི་ནི་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཧོང་ཀོང་གི་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་རྡོག་བརྫིས་གཏོང་གི་ཡོད་པ་སླར་ཡང་ར་འཕྲོད་བྱུང་བ་རེད། ཧོང་ཀོང་མི་དམངས་ལ་རང་གི་ས་གནས་དེའི་ལས་སྣེ་རྣམས་འོས་འདེམས་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྷོབ་མན་ཌེ་ཟེ་དང་ཨི་ཌི་མར་ཀེ ཊོམ་ཀོ་ཊོན། ཇཱོ་ཤི་ཧོ་ལེ་སོགས་ཀྱིས་ཀྱང་ཇཱོ་ཤི་ཝ་ཝང་ས་གནས་འོས་འདེམས་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པས་ཨ་རིའི་གྲོས་ཚོགས་གོང་མས་མྱུར་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་དགོས་ཞེས་ནན་སྐུལ་བྱུང་འདུག ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མར་ངག་ཐོག་ཏུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག ད་ལྟ་ཨ་རིའི་གྲོས་ཚོགས་གོང་མས་གྲོས་ཆོད་དེར་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་འཕེན་དགོས། ཨ་རིའི་གྲོས་ཚོགས་གོང་མར་ཉུང་མཐའ་ཡང་ཧོང་ཀོང་གི་ཁྲིམས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་འཐུས་མི་༣༠་མ་ཟིན་ཙམ་ཞིག་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་གོང་མའི་ནང་དུའང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད།།

XS
SM
MD
LG