ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

རྒྱ་ནག་དང་འབྲུག་ཡུལ་གྱི་སྲིད་བློན་རྣམ་པ་ཐུག་འཕྲད།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་རྒྱུན་འཁྱོངས་ཚོགས་ཆེན་ཞིག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཟིལ་ལ་ཚོགས་ཡོད་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་ཞོར་དུ་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་དང་འབྲུག་ཡུལ་གྱི་སྲིད་བློན་འཇིགས་མེད་འཕྲིན་ལས་གཉིས་ཆེས་ཐོག་མར་ཐུག་འཕྲད་བྱུང་སྟེ། ཁོང་ཚོས་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་མགྱོགས་མྱུར་ཕྱི་འབྲེལ་འཛུགས་དགོས་པ་དང་། འབྲུག་རྒྱ་གཉིས་ཀར་ས་མཚམས་ཀྱི་རྩོད་གཞི་ཡོད་པ་རྣམས་གྲོལ་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པའི་གྲོས་མོལ་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་ཡིས་འབྲུག་པའི་སྲིད་བློན་འཇིགས་མེད་འཕྲིན་ལས་ལ་བཤད་པ་ལྟར་ན། འབྲུག་གཞུང་གིས་བོད་དོན་དང་ཐེ་ཝན་ལ་འཛིན་པའི་ལངས་ཕྱོགས་དེར་རྒྱ་ནག་གིས་རྗེས་སུ་ཡི་རང་ཞུ་རྒྱུ་དང་། རྒྱ་ནག་གིས་འབྲུག་ཡུལ་ནི་རང་གི་རྩ་ཆེའི་ཁྱིམ་མཚེས་ཤིག་ལ་ངོས་འཛིན་བྱས་ཏེ། པེ་ཅིང་དང་ཐིམ་བུ་གཉིས་ལ་སྲོལ་རྒྱུན་གྱི་མཛའ་འབྲེལ་བཟང་པོ་ཞིག་ཡོད་པ་རིན་ཐང་ཅན་ཞིག་ལ་རྩི་བཞིན་ཡོད། འབྲུག་ཡུལ་རང་གི་གནས་སྟངས་ལ་འཚམ་པའི་འཛུགས་སྐྲུན་ཡར་རྒྱས་ཀྱི་ལམ་ཕྱོགས་ཤིག་ལ་སྐྱོད་བཞིན་པ་དེར་རྒྱ་ནག་གིས་བརྩི་འཇོག་བྱེད་རྒྱུ་དང་། རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཛའ་མཐུན་གྱི་སྲིད་ཇུས་ཤིག་བཟུང་ཡོད། དེར་བརྟེན་རྒྱ་ནག་གིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་གཞི་རྩར་བཟུང་སྟེ་འབྲུག་ཡུལ་ལ་དངོས་སུ་ཕྱི་འབྲེལ་འཛུགས་འདོད་ཡོད་པ་མ་ཟད། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་རང་གི་རྒྱལ་མཚམས་ཀྱི་དབྱེ་བ་ཡང་སྔ་ཙམ་འབྱེད་ཐུབ་པ་དང་། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཕྱོགས་གང་ཐད་དུ་འབྲེལ་བ་ཡར་རྒྱས་དང་སྲ་བརྟན་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བཤད་ཡོད་ཅིང་། དབུན་ཅ་པའོ་ལ་ཐུག་འཕྲད་བྱས་པའི་རྗེས་སུ་འབྲུག་པའི་སྲིད་བློན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོང་དང་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དེར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་། འབྲུག་པ་གཞུང་དམངས་གཉིས་ལའང་གང་མགྱོགས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུའི་འདོད་པ་ཡོད། རྒྱ་ནག་དང་འབྲུག་ཡུལ་གཉིས་མཉམ་འབྲེལ་ཐོག་ཏུ་ས་མཚམས་དབྱེ་བ་འབྱེད་དགོས་པ་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། མི་དམངས་དང་མི་དམངས་ཀྱི་འབྲེལ་བ། རིག་གཞུང་བརྗེ་ལེན། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཐོག་ཏུ་ཕྱོགས་གཉིས་མཉམ་འབྲེལ་དང་ཕན་ཚུན་གྲོས་བསྡུར་མང་ཙམ་བྱེད་ཐུབ་པའི་རེ་བ་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱི་དང་མངའ་ཁུལ་བཅས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་དང་། འཛུགས་སྐྲུན་ཡར་རྒྱས་བཅས་ལ་ལེགས་སྐྱེས་ཕུལ་པ་དེར་འབྲུག་པ་མི་མང་གིས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG