༄༅།། རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་བརྒྱ་བྱིན་ཟེར་བའི་སྐྱེས་པ་ཞིག་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ནག་ཉེས་བཙུགས་འཛིན་བཟུང་དང་འབྲི་རུའི་མི་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག བཙན་བྱོལ་སྤྱི་ཚོགས་སུ་གནས་འཁོད་འབྲི་རུའི་གནས་ཚུལ་མཁོ་སྤྲོད་པ་ཡར་དར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་དབྱེ་བགོ་བྱེད་ཡོད་པའི་བོད་རང་སྐྱོང་ལྗོངས། ནག་ཆུ་གྲོང་ཁྱེར་དང་ནགས་ཤོད་འབྲི་རུ་རྫོང་། ཙཱ་ལ་ཡུལ་ཚོའི་མེ་རི་སྡེ་པའི་་སྐྱེས་པ་ལོ་ན་༤༤་ལ་སོན་པའི་བརྒྱ་བྱིན་ཟེར་བ་ཞིག་ལོ་འདིའི་ཕྱི་ཟླ་༤་ནང་དུ་འཛིན་བཟུང་བྱས་ཡོད་ཅིང་། བརྒྱ་བྱིན་འཛིན་བཟུང་བྱས་པའི་གནས་ཚུལ་དེ་ཁུངས་ལྡན་ཡིན། ཁོང་འཛིན་བཟུང་བྱས་དོན་ནི་ཁ་པར་བརྒྱུད་ནས་ཕྱི་ལ་འབྲེལ་བ་བྱས་འདུག་ཅེས་ནག་ཉེས་བཙུགས་པ་རེད། འོན་ཀྱང་གནས་ཚུལ་ཞིབ་ཕྲ་ཞིག་ཤེས་རྟོགས་བྱུང་མ་སོང་ཞེས་འགྲེལ་བརྗོད་གནང་འདུག
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། བརྒྱ་བྱིན་ལགས་ནི་རྒྱུན་དུ་བོད་ཀྱི་རྩོམ་རིག་དང་རིག་གཞུང་ལ་དགའ་ཞེན་ཡོད་པའི་མི་ཞིག་ཡིན་པར་མ་ཟད། ས་གནས་མང་ཚོགས་ལ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་། སློབ་སྦྱོང་བྱེད་དགོས་པ་དང་བོད་པ་ཚོ་ནང་ཁུལ་དུ་མཐུན་སྒྲིལ་དང་འཆམ་མཐུན་བྱེད་དགོས། ཁོར་ཡུག་ལ་བདག་གཅེས་བྱེད་དགོས་པ་སོགས་ཀྱི་སློབ་གསོ་ཡང་ཡང་གཏོང་མཁན་ཞིག་ཡིན་ཞིང་། དེར་བརྟེན་རྒྱ་ནག་གཞུང་གིས་་དོགས་ཟོན་བྱ་ཡུལ་ཞིག་ཏུ་གྱུར་ནས་འཛིན་བཟུང་བྱས་པ་རེད། ལོ་འདིའི་ཕྱི་ཟླ་༤་པའི་ནང་དུ་འབྲི་རུའི་མི་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་འདུག་ཀྱང་དེ་དག་གི་མིང་དང་འཛིན་བཟུང་བྱས་དོན། ཁོ་ཚོ་གང་དུ་ཡོད་མེད་རྣམས་ཤེས་རྟོགས་ཐུབ་ཀྱི་འདུག་མེད་འགྲེལ་བརྗོད་གནང་སོང་།
སྤྱིར་འབྲི་རུའི་ཕྱོགས་སུ་ལོ་ཤས་སྔོན་ནས་བོད་པ་ཚོས་རྒྱ་གཞུང་གིས་དྲང་བདེན་མ་ཡིན་པའི་དབང་སྒྱུར་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཞི་བའི་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ། རྒྱ་གཞུང་གིས་འབྲི་རུའི་ཕྱོགས་སུ་འགྲོ་འོང་དང་དྲ་རྒྱ་བཅས་ལ་དམིགས་བསལ་གྱི་དམ་དྲག་ཆེན་པོ་བྱས་དང་བྱེད་བཞིན་འདུག བོད་ལྗོངས་འཕེལ་རྒྱས་དགོས་ན་ཐོག་མར་འབྲི་རུ་འཕེལ་རྒྱས་གཏོང་དགོས་པ་དང་བོད་ལྗོངས་ལ་བདེ་འཇགས་དགོས་ན་ཐོག་མར་འབྲི་རུ་ལ་ལྷིང་འཇགས་བསྐྲུན་དགོས་ཟེར་གྱི་འདུག ས་གནས་ལ་དམ་དྲག་ཆེ་བའི་རྐྱེན་གྱིས་འབྲི་རུའི་གནས་ཚུལ་རྣམས་འཕྲལ་དུ་ཕྱི་ལ་ཁྱབ་ཐུབ་རྒྱུ་ཧ་ཅང་ཁག་པོ་འདུག་ཅེས་བརྗོད་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།