ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

རང་ལུས་མེར་སྲེག་གཏོང་མཁན་བཀྲ་ཕུན་ལ་གཞུང་འབྲེལ་མཆོད་འབུལ།


༄༅།། ཉེ་ཆར་ལོ་ན་༨༡་ལ་སོན་པའི་བཀྲ་ཕུན་གྱིས་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༤་ཉིན་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་དེར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཏེ་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས། སྲི་ཞུའི་ལས་བྱེད་པ་རྣམས་ལྷན་ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རང་ལུས་མེར་སྲེག་གཏོང་མཁན་བཀྲ་ཕུན་གྱི་ལོ་རྒྱུས་གསལ་བཀྲོལ་དང་བོད་པ་ཞིག་གིས་སླར་ཡང་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་གོ་ཐོས་བྱུང་མ་ཐག་ཏུ་ཡིད་གདུང་དྲག་པོ་ཞིག་བྱུང་སོང་། ཡིན་ནའང་དམ་པ་དེས་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་གནང་བར་ང་ཚོས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅེས་གསུངས་འདུག

གཞན་ཡང་བཞུགས་སྒར་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་ཚོགས་ཡོད་པར་མ་ཟད། བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་སྤེལ་བར་གཞིགས་ན། བཀྲ་ཕུན་ནི་མདོ་སྨད་རྔ་པ་ནས་ཡིན་ཞིང་། རྒྱུན་དུ་བོད་དོན་ལ་སེམས་ཁུར་དང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་པས་ཉེ་ཆར་རྔ་པ་ཀིརྟི་དགོན་པར་བྱ་ར་བྱེད་མཁན་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་འཕྲལ་ཉེན་རྟོག་པས་བཙན་ཁྲིད་ཀྱིས་ཕྱིས་སུ་འདས་གྲོངས་སུ་གྱུར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་མར་མེ་ཁྲོམ་སྐོར་དེ་དམ་པ་དེར་མྱ་ངན་གུས་འདུད་དང་ཤུལ་ལུས་བཟའ་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པའི་ཆེད་དུ་གོ་སྒྲིག་ཞུས་ཡིན། མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG