ངོ་འཕྲད་བདེ་བའི་དྲ་འབྲེལ།

གཽ་ཏམ་བུདྷ་གནམ་ཐང་འཛུགས་སྐྲུན་དང་རྒྱ་ནག་གི་ཡོ་བྱད་རྫུན་མ།


༄༅།། བལ་ཡུལ་གཞུང་གིས་རང་ཡུལ་གྱི་བྷེ་ར་ཧ་ཝ་ས་གནས་སུ་གཽ་ཏམ་བུདྷ་རྒྱལ་སྤྱིའི་གནམ་ཐང་ཞེས་པ་ཞིག་འཛུགས་སྐྲུན་གྱི་ལས་མགོ་བརྩམས། འཛུགས་སྐྲུན་གྱི་གན་རྒྱ་དེ་ཉིད་རྒྱ་ནག་གི་ནུབ་བྱང་མཁའ་ལམ་ལས་ཁུངས་ལ་སྤྲད་ཀྱང་གནམ་ཐང་གི་འཛུགས་སྐྲུན་ལ་མཁོ་བའི་ཡོ་བྱད་རྣམས་རྫུན་མ་ཡིན་པ་རྩད་གཅོད་བྱུང་བས་འཛུགས་སྐྲུན་གྱི་ལས་དོན་མཐའ་དག་འགག་ཡོད་ཅིང་། རྒྱ་ནག་གི་ནུབ་བྱང་མཁའ་ལམ་ལས་ཁུངས་དང་གནམ་ཐང་འཛུགས་སྐྲུན་ཁང་གིས་གནམ་བལ་ཡུལ་གྱི་གཽ་ཏམ་བུདྷ་རྒྱལ་སྤྱིའི་གནམ་ཐང་གི་འཕུར་ལམ་དང་རླངས་འཁོར་རྒྱུག་ལམ་སོགས་ལ་བཙུགས་པའི་གློག་སྒྲོན་གྱི་མ་ལག་རྣམས་གནམ་ཐང་འཛུགས་སྐྲུན་ལ་མཁོ་ངེས་ཀྱི་གློག་སྒྲོན་མ་ལག་རྣམས་མིན་པར་གློག་སྒྲོན་རྫུན་མ་བཙུགས་ཡོད་པ་སྟེ། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་བལ་སྒོར་དུང་ཕྱུར་གཅིག་གི་གློག་སྒྲོན་མ་ལག་འཁྱེར་ཡོང་བ་དེ་དག་གི་ཕལ་མོ་ཆེ་ཅ་ལག་རྫུན་མ་དང་སྤུད་ཚད་ཞན་པ་ཤ་སྟག་ཡིན་ཞིང་། བལ་ཡུལ་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོར་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གཽ་ཏམ་བུདྷ་རྒྱལ་སྤྱིའི་གནམ་ཐང་གི་གློག་སྒྲོན་མ་ལག་མང་ཆེ་བ་རྫུན་མ་རེད་ཅེས་ལྐོག་བརྡ་འབྱོར་ནས་ཤེས་རྟོགས་བྱུང་འདུག

བལ་ཡུལ་གྱི་འཕྲུལ་རྩལ་ལས་སྣེ་ཚོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་ང་ཚོར་མགོ་སྐོར་བཏང་ནས་གློག་སྒྲོན་མ་ལག་རིན་གོང་ཁེ་པོ་དང་སྤུས་དག་མིན་པའམ། ཡང་ན་གནམ་ཐང་ལ་མཁོ་བའི་གློག་སྒྲོན་མ་ལག་རྫུན་མ་རྣམས་འཛུགས་ཐབས་བྱེད་ཀྱི་འདུག ང་ཚོས་ལས་གཞི་དེ་རྒྱུན་འཁྱོངས་བྱེད་དུ་བཅུག་མེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་བལ་ཡུལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་འབྲེལ་བ་བྱས་ཏེ། བལ་ཡུལ་གྱི་སྲིད་དོན་པ་ཚོར་གནོན་ཤུགས་སྤྲད་ནས་གློག་སྒྲོན་མ་ལག་རྫུན་མ་རྣམས་འཛུགས་ཐབས་བྱེད་ཀྱི་འདུག གནམ་ཐང་དེར་གློག་སྐུད་རིང་ཚད་མཱི་ཊར་སྟོང་ཕྲག་༣་དང་ཞེང་ལ་མཱི་ཊར་༥་འཐེན་དགོས། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་གནམ་ཐང་གི་གནམ་གྲུ་འབབ་ས་དང་འགྲུལ་པ་རྣམས་འཛུལ་སྒོ་བཅས་ལ་གློག་སྐུད་འཐེན་གྱི་ཡོད། གནམ་ཐང་གི་འཕུར་ལམ་དང་འབབ་ཚིགས་གཉིས་མཐུད་དགོས་ས་དེའི་གློག་སྐུད་རྣམས་རྫུན་མ་རེད། གློག་སྐུད་དེ་རྣམས་རིན་གོང་ཁེ་པོ་ཡིན་པས་ཡུན་ཐུང་ཞིག་ལས་འདང་རྒྱུ་མིན་པ་དང་གློག་སྐུད་དེ་རྣམས་རྒྱ་ནག་ནས་འཁྱེར་ཡོང་བ་ཡིན་པ་འདྲ། དེ་ནི་རྒྱལ་སྤྱིའི་གནམ་ཐང་ཞིག་ལ་མཁོ་བའི་གློག་སྐུད་ཀྱི་སྤུད་ཚད་གཏན་ནས་ལོངས་མི་འདུག་ཅེས་བཤད།

བདུན་ཕྲག་གཉིས་ཀྱི་སྔོན་དེར་མིང་འདོན་མ་བྱས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གིས་བལ་ཡུལ་གྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ། མཁའ་ལམ་ལས་ཁུངས་ཀྱི་དྲུང་ཆེ་ཁེ་དྷར་བྷ་དྷུར་ཨ་དྷི་ཀ་རི་ལྐོག་བརྡ་ཞིག་བཏང་ཡོད་པ་སྟེ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་བལ་ཡུལ་གྱི་གཽ་ཏམ་བུདྷ་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་བྱས་ནས་ལས་བྲེལ་ལངས་འདུག ཡིན་ནའང་བཟོ་ཚོང་ལས་ཁང་དེས་བཀོལ་སྤྱོད་གཏོང་གི་ཡོད་པའི་གློག་སྒྲོན་གྱི་མ་ལག་རྣམས་ཅ་ལག་རྫུན་མ་རེད་ཅེས་ཐེར་འདོན་བྱས་པར་བརྟེན། བལ་ཡུལ་གྱི་འབྲེལ་ཡོད་ལས་ཁང་ཁག་གིས་འཕྲལ་དུ་གནམ་ཐང་དེའི་གློག་སྒྲོན་དང་གློག་སྐུད་བཅས་ལ་བརྟག་དཔྱད་བྱས་ནས་ཅ་ལག་རྣམས་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།

བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་རང་སྣང་གང་དྲན་བྱས་པའམ། ཡང་ན་ལས་གཞི་དེར་ཞིབ་ཚགས་མེད་པར་བྱུང་བ་ཡིན་མིན་ནི་བཤད་དཀའ་བ་ཞིག་རེད། ཡིན་ནའང་རྒྱ་ནག་གི་ལྷོ་ནུབ་མཁའ་ལམ་འཛུགས་ཁང་གིས་བཙུགས་པའི་གློག་སྒྲོན་གྱི་ཡོ་བྱད་རྣམས་རྫུན་མ་རེད་འདུག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་གློག་སྒྲོན་གྱི་ཡོ་བྱད་རྫུན་མ་འཛུགས་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་སོང་། ང་ཚོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེར་གཽ་ཏམ་བུདྷ་རྒྱལ་སྤྱིའི་གནམ་ཐང་ལ་གློག་སྒྲོན་མ་ལག་རྫུན་མ་རྣམས་གཏན་ནས་འཛུགས་འཇུག་གི་མིན། བལ་ཡུལ་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེར་གནམ་ཐང་གི་གློག་སྐུད་དང་གློག་སྒྲོན་མ་ལག་ངོ་མ་རྣམས་འཛུགས་དགོས་པའི་བརྡ་ལན་སྤྲད་ཡོད་ཅེས་རུ་ཌི་ར་སིང་རྟ་མང་ཞེས་པའི་མགྲིན་ཚབ་པ་ཞིག་གིས་བཤད། ད་ལོའི་ཕྱི་ཟླ་༦་ནང་དུ་བལ་ཡུལ་གྱི་གནམ་ཐང་དེ་ཕྱི་ཟླ་༡༢་པའི་ཟླ་མཇུག་མི་འགྱངས་པར་ལེགས་གྲུབ་འབྱུང་རྒྱུའི་ཁས་ལེན་བྱས་མོད། འོན་ཀྱང་ད་ལྟ་དུས་ཡུན་ཟླ་བ་༣་ཕར་འགྱངས་བྱས་ནས་ལོ་རྗེས་མའི་ཕྱི་ཟླ་༣་པའི་ནང་དུ་ལེགས་གྲུབ་འབྱུང་རྒྱུའི་རྩིས་རྒྱག་གི་ཡོད་པ་རེད།།

XS
SM
MD
LG