ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁེ་ན་ཌའི་འོས་འདེམས་དང་སྲིད་དོན་ཚོགས་པ་ཁག་གི་ལངས་ཕྱོགས། 


༄༅།། དེ་རིང་ཕྱི་ཟླ་༩་པའི་ཚེས་༢༠་ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པ་དང་གཟའ་ཟླ་བའི་འོས་འདེམས་ནི་སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་གུ་ཡངས་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་གྲངས་འཐོབ་རྒྱུ་ཡིན་མིན་གྱི་ཐག་གཅོད་ཅིག་ཡིན་འདུག ཁེ་ན་ཌའི་གོ་ལའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༢༣་བར་དུ་ཁེ་ན་ཌའི་འོས་འདེམས་ཀྱི་དུས་ཚོད་སླེབས་ཀྱི་མེད་ཀྱང་ཟླ་བ་སྔོན་མར་སྲིད་བློན་ཊུ་རུ་ཌོས་ལོ་གཉིས་ཀྱི་སྔོན་དུ་གྲོས་ཚོགས་འཐུས་མི་བསྐྱར་དུ་འོས་འདེམས་བྱ་རྒྱུའི་ཐག་བཅད། སྲིད་བློན་ཊུ་རུ་ཌོས་ཁེ་ན་ཌ་ནད་ཡམས་འོག་ནས་གྲོལ་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་འོས་འདེམས་སྔ་སྣུར་བྱེད་དགོས་ངེས་སུ་གྱུར་འདུག་ཅེས་བཀྲལ། འདས་པའི་བདུན་ཕྲག་ལྔའི་རིང་ལ་ཁེ་ན་ཌའི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་རྒྱལ་ཡོངས་སུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ། ༢༠༡༩་ལོའི་འོས་འདེམས་སྐབས་སུ་ཁེ་ན་ཌའི་གཞུང་འཛིན་ཚོགས་པར་འཐུས་མི་ཉུང་ཤས་ཤིག་གི་རྒྱལ་ཁ་ཐོབ། ད་ལྟ་སྲིད་བློན་ཊུ་རུ་ཌོས་རང་གི་སྲིད་དོན་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་རྒྱུའི་རེ་ལྟོས་འཆང་། ད་ལོའི་ནད་ཡམས་སྔོན་འགོག་དུས་སུ་ཁེ་ན་ཌའི་མི་དམངས་ཀྱིས་གཞུང་འཛིན་གུ་ཡངས་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཀྱང་འོས་འདེམས་སྔ་སྣུར་བྱས་པའི་རྗེས་སུ་མི་མང་གིས་སྲིད་བློན་ཊུ་རུ་ཌོར་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་སྟེ་གཞུང་འཛིན་གུ་ཡངས་ཚོགས་པར་རྒྱབ་སྐྱོར་བ་ཇེ་ཉུང་དང་ཕྱོགས་འགལ་རྙིང་ཞེན་ཚོགས་པར་རྒྱབ་སྐྱོར་བ་ཇེ་མང་དུ་སོང་། ད་ལྟ་སྲིད་བློན་ཊུ་རུ་ཌོས་ལས་དུས་གསུམ་པ་ཞིག་ལ་སྲིད་དབང་འཛིན་ཐུབ་རྒྱུ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་སུ་ཟད།།

ཁེ་ན་ཌའི་གཞུང་འཛིན་གུ་ཡངས་ཚོགས་པའི་སྲིད་བློན་ཊུ་རུ་ཌོ།
ཁེ་ན་ཌའི་གཞུང་འཛིན་གུ་ཡངས་ཚོགས་པའི་སྲིད་བློན་ཊུ་རུ་ཌོ།

ཁེ་ན་ཌའི་གསར་འགྱུར་ལས་ཁང་ཁག་གིས་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༦༨་ལྷག་གིས་འོས་འདེམས་སྔ་སྣུར་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཁེ་ན་ཌའི་མི་དམངས་ཀྱིས་སྲིད་བློན་ཊུ་རུ་ཌོས་ནད་ཡམས་ཁྱབ་གདལ་གྱི་དུས་སུ་འོས་འདེམས་སྔ་སྣུར་བྱེད་དགོས་པའི་རྒྱུ་མཚན་ཅི་རེད། འོས་འདེམས་སྔ་སྣུར་འདིར་ཨ་སྒོར་དུང་ཕྱུར་བདུན་དང་ཕྱེད་ཀ་ལྷག་འགྲོ་གྲོན་བཏང་སྟེ་དྲིལ་བསྒྲགས་ལས་འགུལ་དགོས་པའི་རྒྱུ་མཚན་མི་འདུག་ཅེས་སྐྱོན་བརྗོད་བྱེད་དགོས་པ་ཞིག་ཏུ་གྱུར། ད་ལོའི་འོས་འདེམས་ལ་ཁེ་ན་ཌའི་གཞུང་འཛིན་གུ་ཡངས་ཚོགས་པ་དང་རྙིང་ཞེན་ཚོགས་པ། ཁུ་བྷེ་ཁའི་ཤོག་ཁག་དང་དམངས་གཙོ་གསར་པའི་ཚོགས་པ། སྔོ་ལྗང་ཚོགས་པ་དང་མི་དམངས་ཚོགས་པ་བཅས་སྲིད་དོན་ཚོགས་པ་དྲུག་འགྲན་ཞུགས་བྱེད་ཀྱི་ཡོད་པར་མ་ཟད། ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༣༣༨་ཀྱི་གདན་གྲངས་ཡོད་པ་དེའི་ཁོངས་སུ་སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་གུ་ཡངས་ཚོགས་པར་འཐུས་མི་༡༥༥་དང་རྙིང་ཞེན་ཚོགས་པར་འཐུས་མི་༡༡༩་ཡི་གདན་གྲངས། ཁུ་བྷེ་ཁའི་ཤོག་ཁག་ལ་འཐུས་མི་༣༢་དང་དམངས་གཙོ་གསར་པའི་ཚོགས་པར་འཐུས་མི་༢༤་ཡི་གདན་གྲངས། སྲིད་དོན་ཚོགས་པ་མེད་པར་རང་བཙན་གྱི་འཐུས་མི་༥་དང་སྔོ་ལྗང་ཚོགས་པར་འཐུས་མི་གཉིས། གདན་གྲངས་གཅིག་སྟོང་པར་ལུས། ད་ལྟའི་འོས་འདེམས་ཀྱི་ཁ་ཕྱོགས་ལ་གཞིགས་ན་ཁེ་ན་ཌའི་ཕྱོགས་འགལ་རྙིང་ཞེན་ཚོགས་པར་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་བ་བརྒྱ་ཆ་༣༥་དང་གཞུང་འཛིན་གུ་ཡངས་ཚོགས་པར་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༣༢་ལས་མེད་ཅིང་། སྔོ་ལྗང་ཚོགས་པར་གྲོས་ཚོགས་སུ་གདན་གྲངས་གཉིས་ཡོད་པའང་བསྐྱར་དུ་འཐོབ་རྒྱུ་ཡིན་མིན་ངེས་གཏན་བྲལ། དམངས་གཙོ་གསར་པའི་ཚོགས་པར་འཐུས་མི་༢༤་ལས་མང་བ་འཐོབ་སྲིད་པའི་རྟགས་མཚན་ཐོན། ཁེ་ན་ཌའི་སྲིད་དོན་ཚོགས་པ་གང་ཞིག་ལ་གྲོས་ཚོགས་སུ་འཐུས་མི་གྲངས་མང་འཐོབ་དགོས་ན་གྲོས་ཚོགས་འོག་མའི་འཐུས་མི་༡༧༠་ཐམ་པའི་གདན་གྲངས་འཐོབ་དགོས།།

ཁེ་ན་ཌའི་སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བ་སྲིད་བློན་ཊུ་རུ་ཌོས་འོས་འདེམས་སྔ་སྣུར་བྱས་པ་རྩིས་ལོག་ཐེབས་སོང་། ཁོང་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་རྒྱུ་ལྟ་ཞོག ཐ་ན་ཁེ་ན་ཌའི་གཞུང་འཛིན་གུ་ཡངས་ཚོགས་པར་འོས་འདེམས་ཀྱི་ཕམ་ཉེས་འབྱུང་བའམ། ཡང་ན་སྔར་བཞིན་འཐུས་མི་གྲངས་མང་མེད་པའི་སྲིད་གཞུང་ཞིག་འཛུགས་དགོས་ཐུག་སྲིད། དེ་ལྟར་བྱུང་ན་སྲིད་བློན་ཊུ་རུ་ཌོས་སྔར་བཞིན་གཞུང་འཛིན་གུ་ཡངས་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་འཛིན་ཐུབ་རྒྱུ་ཁག་པོ་རེད་ཅེས་གླེང་། ཁེ་ན་ཌའི་ཉམས་ཞིབ་པ་ཁག་ཅིག་གིས་འོས་འདེམས་འདིར་མི་དམངས་ཀྱི་རྒྱབ་སྐྱོར་མེད་པ་དང་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཆེ་བ། སྲིད་དོན་པ་ཚོས་མི་དམངས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་གི་ཡོད་པ་སོགས་ལ་བརྟེན་ནས་འོས་ཤོག་ཁ་འཐོར་འགྲོ་རྒྱུ་དང་སྲིད་དོན་ཚོགས་པ་གཅིག་ལའང་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་མི་ཐུབ་པའི་ཉེན་ཁ་འདུག་ཅེས་བསྟན། ཁེ་ན་ཌའི་གཞུང་འཛིན་ཚོགས་པར་ཁུ་བྷེ་ཁ་དང་ཨོན་ཊ་རི་ཡོ་སོགས་མི་གྲངས་མང་སའི་ཞིང་ཆེན་ཁག་ཏུ་རྒྱབ་སྐྱོར་བ་མང་བ་ཡོད་པ་དང་རྙིང་ཞེན་ཚོགས་པར་ཨལ་བྷར་ཊ་དང་ས་སི་ཁ་ཆེ་ཝན་ལྟ་བུའི་ཞིང་ཆེན་ཁག་ཏུ་རྒྱབ་སྐྱོར་བ་མང་ཞིང་། རྒྱ་གར་བ་ཇཱག་མཱི་ཊ་སིང་གིས་འགོ་ཁྲིད་པའི་དམངས་གཙོ་གསར་པའི་ཚོགས་པར་༢༠༡༩་ལོའི་འོས་འདེམས་སྐབས་ལས་ཀྱང་རྒྱབ་སྐྱོར་བ་མང་དུ་འགྲོ་སྲིད་པས་གྲོས་ཚོགས་གསར་པའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པའི་གོ་སྐབས་ཡོད་སྲིད། ཁེ་ན་ཌའི་མི་དམངས་ཚོགས་པར་འོས་འདེམས་ཐེངས་སྔོན་མའི་སྐབས་སུ་འོས་ཤོག་བརྒྱ་ཆ་༡་གྲངས་ཆུང་༦་ལས་མེད་པས་གྲོས་ཚོགས་སུ་གདན་གྲངས་མ་ཐོབ། ད་ལྟ་མི་དམངས་ཚོགས་པར་འོས་ཤོག་བརྒྱབ་༦་ཙམ་འཐོབ་རྒྱུའི་རྟགས་མཚན་ཐོན།།

ཁེ་ན་ཌའི་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་དང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོའི་བགྲོ་གླེང་།
ཁེ་ན་ཌའི་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་དང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོའི་བགྲོ་གླེང་།

ཁེ་ན་ཌའི་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་དང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོའི་བགྲོ་གླེང་སྐབས་སུ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དང་ནད་ཡམས་བཀག་སྡོམ། མི་དམངས་ལ་ཁང་པ་དང་སྨན་ཡོན། འཚོ་བའི་དཀའ་ངལ་ཡོད་པ་རྣམས་སེལ་ཐབས། ཁེ་ན་ཌའི་གཞུང་གིས་ཐོག་མའི་ས་འཛིན་གྱི་ཡུལ་བདག་མི་རིགས་ཁག་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་སོགས་གནད་དོན་འགའ་ཞིག་ལ་བགྲོ་གླེང་ནན་པོ་བྱས་འདུག ཡིན་ནའང་ཏོག་དབྱིབས་ནད་དུག་སྔོན་འགོག་དང་ནད་ཡམས་རྗེས་སུ་ཁེ་ན་ཌའི་དཔལ་འབྱོར་སླར་གསོ་ཇི་ལྟར་བྱེད་དགོས་པ་གནད་དོན་གཙོ་བོར་གྱུར། འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་དེར་ཁེ་ན་ཌ་རྒྱལ་ཡོངས་སུ་མི་༢༧༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག དེང་སྐབས་ཨལ་བྷར་ཊ་སོགས་ཞིང་ཆེན་ཁག་ཅིག་ལ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་སོང་། རྙིང་ཞེན་ཚོགས་པའི་སྲིད་བློན་འོས་མི་ཨོ་ཐུལ་གྱིས་སྲིད་བློན་ཊུ་རུ་ཌོ་ནི་རང་དོན་མ་གཏོགས་བསམ་རྒྱུ་མེད་པ་དང་ནད་ཡམས་དུས་སུ་འོས་འདེམས་སྔ་སྣུར་བྱས་པ་རྒྱལ་ཁབ་དང་མི་དམངས་ལ་ཤ་ཚ་མེད་པའི་རྟགས་མཚན་རེད་ཅེས་སྐྱོན་བཙུགས། མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་མིན་ཡང་འོས་འདེམས་ཀྱི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར། སྲིད་བློན་ཊུ་རུ་ཌོའི་གཞུང་གིས་མི་མང་ལ་འགོག་ཁབ་བརྒྱབ་ནས་ཁེ་ན་ཌའི་སྤྱི་དམངས་ནར་སོན་པ་བརྒྱ་ཆ་༨༠་ལྷག་ལ་ཉུང་མཐར་ཡང་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། ད་དུང་སྲིད་བློན་ཊི་རུ་ཌོས་གཞུང་གི་ལས་བྱེད་པ་དང་སྐྱེལ་འདྲེན་ལས་མི་རྣམས། རྒྱལ་ནང་གི་མཁའ་ལམ་འགྲིམ་འགུལ་ལས་ཁང་ཁག་གི་ལས་བྱེད་པ་ཚོས་ཕྱི་ཟླ་༡༠་པའི་ཟླ་མཇུག་བར་དུ་འགོག་ཁབ་བརྒྱབ་ཚར་དགོས་ཞེས་དུས་ཚོད་གཏན་ལ་ཕབ། དེར་བརྟེན་འགོག་ཁབ་རྒྱག་གི་མིན་ཟེར་བའི་མི་ཚོགས་ཤིག་རྒྱལ་ཡོངས་སུ་སྲིད་བློན་ཊུ་རུ་ཌོའི་གཞུག་ལ་བརྒྱུགས་ནས་ངོ་རྒོལ་བྱས་འདུག

སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་ཁེ་ན་ཌའི་མི་དམངས་ལ་རླངས་འཁོར་གྱི་སྣུམ་དང་ཁང་པ། ཟས་སོང་དང་སྨན་བཅོས་ཀྱི་འགྲོ་གྲོན་ལོ་རེ་བཞིན་འཕར་འདུག བུ་བཅོལ་ཁང་གི་རིན་གོང་འཕར་གྱི་ཡོད་པ་དང་ཁེ་ན་ཌའི་ན་གཞོན་ཚོས་ཁང་པ་ཞིག་ཉོ་བར་ལོ་༣༠་འགོར་གྱི་ཡོད་པའི་དཀའ་ངལ་སེལ་ཐབས་བྱ་དགོས་ཞེས་གླེང་སློང་བྱུང་མོད། འོན་ཀྱང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་གཅིག་གིས་ཀྱང་མི་དམངས་ཀྱི་དཀའ་ངལ་སེལ་ཐབས་འདི་འདྲ་ཞིག་ཡོད་ཅེས་ཐབས་ལམ་གསལ་པོ་ཞིག་སྟོན་མ་ཐུབ། ཁེ་ན་ཌའི་སྲིད་བློན་འོས་མི་ཚོས་ཨབ་གྷ་ཎི་སི་ཐན་ནས་དམག་དཔུང་ཕྱིར་འཐེན་བྱས་པའི་སྐབས་སུ་ཁེ་ན་ཌའི་སྤྱི་དམངས་དང་ཁེ་ན་ཌའི་ལམ་ཡིག་ཡོད་པའི་མི་རྣམས་དུས་ཐོག་ཏུ་ཉེན་བྱོལ་དུ་ལེན་མ་ཐུབ་པར་སྐྱོན་བརྗོད། ཁེ་ན་ཌའི་སྤྱི་དམངས་གཉིས་རྒྱ་ནག་གིས་བཙོན་དུ་བཅུག་ནས་གློད་གྲོལ་གཏོང་གི་མེད་པ་གློད་གྲོལ་འཐོབ་ཐབས་ལ་གླེང་སློང་བྱས་ཀྱང་ཁེ་ན་ཌའི་ཕྱི་སྲིད་ནི་གླེང་སློང་མ་བྱུང་། རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཨོ་ཐུལ་གྱིས་ཁེ་ན་ཌའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧོང་ཀོང་བ། ཐེ་ཝན་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་གླེང་སློང་བྱས་པ་ཙམ་ལས་ཁེ་ན་ཌའི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་དང་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་སྟེ་ཁེ་ན་ཌའི་ཆབ་སྲིད་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རྣམས་གླེང་སློང་གཏན་ནས་བྱུང་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG