ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷར་ཟིལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་ལ་སྦྱར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཟིལ་གྱི་གྲོས་ཚོགས་གོང་མའི་འཐུས་མི་ལྔ་བཅུ་ང་ལྔས་སྲིད་འཛིན་རོ་སེབ་ཁྲིམས་ལ་སྦྱོར་དགོས་པའི་འོས་ཤོག་འཕངས་པ་དང་། གྲོས་ཚོགས་འཐུས་མི་ཉི་ཤུ་རྩ་གཉིས་ཀྱིས་སྲིད་འཛིན་རོ་སེབ་ཁྲིམས་ལ་སྦྱོར་མི་དགོས་པའི་འོས་ཤོག་འཕངས་ཏེ། དེ་རིང་གཟའ་ཕུར་བུའི་སྔ་དྲོ་ནས་བྷར་ཟིལ་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་དང་པོ་དེས་ལས་མཚམས་འཇོག་དགོས་ཐུག་ཡོད་ཅིང་། སྲིད་འཛིན་རོ་སེབ་ཁྲིམས་ལ་སྦྱོར་རྒྱུའི་ཐག་གཅོད་ཀྱིས་གཡོན་ཤོག་ངལ་རྩོལ་ཚོགས་པས་ལོ་༡༣་ལ་བྷར་ཟིལ་གྱི་སྲིད་དབང་བཟུང་བ་མཇུག་བསྒྲིལ་ཏེ། སྲིད་འཛིན་གཞོན་པ་ཊེ་མེར་ནར་འགྱངས་མེད་པར་སྲིད་འཛིན་ལས་ཚབ་ལ་བསྐོ་བཞག་བྱས་འདུག སྲིད་འཛིན་རོ་སེབ་ལ་གཞུང་གི་དངུལ་རྩིས་ཁོངས་སུ་སྤྱི་དམངས་ཕན་བདེའི་ཆེད་དུ་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུའི་དངུལ་སྒོར་མེད་རུང་། ཁོ་མོས་༢༠༡༤་ལོར་རང་ཉིད་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་ཡོང་རྒྱུའི་དོན་དུ་གཞུང་གི་དངུལ་རྩིས་ཀྱི་གྲངས་འབོར་རྫུན་བཟོ་བྱས་པ་དང་། ཁོ་མོས་སྤྱི་དམངས་ཕན་བདེའི་ཆེད་དུ་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་ནས་བྷར་ཟིལ་རྒྱལ་ཁབ་ཀྱི་བུ་ལོན་ཆེ་རུ་སོང་ཡོད། དེར་བརྟེན་བྷར་ཟིལ་གྱི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་རོ་སེབ་ཀྱིས་གཞུང་གི་དངུལ་རྩིས་བཅའ་ཁྲིམས་ལ་འགལ་འཛོལ་བྱས་སོང་ཞེས་ཁྲིམས་ལ་སྦྱར་པ་དང་། སྲིད་འཛིན་རོ་སེབ་ཀྱིས་གྲོས་ཚོགས་ཀྱི་ཐག་གཅོད་དེ་ཁྲིམས་འགལ་ཡིན། ཁོ་མོའི་གཞུང་འཛིན་ལྷན་ཁང་གི་བློན་ཆེན་རྣམ་པས་སྲིད་འཛིན་གཞོན་པའི་བར་བརྒལ་སྲིད་གཞུང་ལ་སྲི་ཞུ་མ་སྒྲུབས་ཞེས་བཀོད་འདོམས་བྱས་པ་མ་ཟད། སྲིད་འཛིན་རོ་སེབ་ཀྱིས་རྒྱལ་ཁབ་དེའི་ཆེས་མཐོ་ཁྲིམས་ཁང་ལའང་གྲོས་ཚོགས་ཀྱིས་སྲིད་འཛིན་ལས་ཐོག་ཅིག་ཁྲིམས་ལ་སྦྱོར་རྒྱུའི་ཐག་གཅོད་བྱས་པ་ཁྲིམས་འགལ་ཡིན་ཞེས་ཞུ་གཏུག་བྱས་མོད། འོན་ཀྱང་བྷར་ཟིལ་གྱི་ཆེས་མཐོ་ཁྲིམས་ཁང་གིས་སྲིད་འཛིན་རོ་སེབ་ཀྱི་ཞུ་གཏུག་སྙན་ཞུ་ལ་དང་ལེན་བྱས་མེད་པ་དང་། ༡༩༩༢་ལོར་ཡང་བྷར་ཟིལ་གྱི་སྐབས་དེའི་སྲིད་འཛིན་མེ་ལོ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་ལ་སྦྱར་ནས་གནས་དབྱུང་བཏང་ཡོད་པ་རེད།།

XS
SM
MD
LG