ངོ་འཕྲད་བདེ་བའི་དྲ་འབྲེལ།

གཏོར་རྒོལ་པ་ཆེ་ཆི་ཎི་ཡའི་སྤུན་མཆེད་གཉིས་རེད་ཟེར།


༄༅།། ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁང་གིས་རྩད་གཅོད་བྱས་པའི་རྗེས་སུ་བྷོ་སི་ཊོན་གྲོང་ཁྱེར་གྱི་རྒྱུག་རྩལ་འགྲན་བསྡུར་ལ་འབར་མདེལ་གྱིས་གཏོར་རྒོལ་བྱེད་མཁན་ཕྱི་ལོགས་ནས་ཡོང་བའི་སྤུན་མཆེད་གཉིས་ཡིན་པ་རྩད་གཅོད་ཐུབ་ཡོད་ཅིང་། ཁོ་གཉིས་རང་ལོ་༢༦་ལ་སོན་པའི་ཏ་མར་ལན་ཚར་ཎ་ཡེབ་དང་། རང་ལོ་༡༩་ལ་སོན་པའི་ཞི་ཧར་ཚར་ཎ་ཡེབ་ཡིན་པ་དང་། སྤུན་མཆེད་དེ་དག་གི་མི་རིགས་འབྱུང་ཁོངས་ནི་ར་ཤི་ཡའི་སྤྱི་མཐུན་ས་ཁུལ་ཆེ་ཆི་ཎི་ཡ་ནས་ཡིན་ལ། ཁོ་ཚོ་ཕྱི་ལོ་༢༠༠༢་དང་༢༠༠༣་གང་རུང་ཞིག་ལ་ཕ་མའི་མཉམ་དུ་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་སྟེ་བྷོ་སི་ཊིན་གྲོང་ཁྱེར་གྱི་ས་གནས་ཤིག་ཏུ་སློབ་གྲྭར་འགྲིམས་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཡས་མས་ཤིག་གི་རིང་དེར་ཚར་ཎ་ཡེབ་སྤུན་མཆེད་གཉིས་ཀྱིས་ཨ་མི་རི་ཀའི་གྲངས་ཉུང་མི་རིགས་གཞན་དང་སྤྱི་མཚུངས་ཀྱི་འཚོ་བ་རོལ་ཡོད་པ་རེད། མདང་དགོང་མཚན་མོར་ཚར་ཎ་ཡེབ་སྤུན་མཆེད་གཉིས་ཀྱི་ཉེན་རྟོག་པ་ཞིག་བསད་པ་དང་ཚོང་ཁང་བཅོམ་པ། དེ་ནས་མི་ཞིག་གི་རླངས་འཁོར་བཙན་འཕྲོག་བྱས་ནས་ཉེན་རྟོག་པར་རྒོལ་འཛིང་བྱས་ཏེ། རང་ལོ་༢༦་ལ་སོན་པའི་སྤུན་ཆེ་བ་ཏ་མར་ལན་ཚར་ཎ་ཡེབ་ལ་མེ་མདའ་ཕོག་ནས་ཤི་བ་དང་། སྤུན་ཆུང་བ་ཞི་ཧར་ཚར་ཎ་ཡེབ་བྲོས་བྱོལ་དུ་སོང་ནས་ཉེན་རྟོག་པ་སྟོང་ཕྲག་མང་པོས་རྩད་གཅོད་དང་རྗེས་འདེད་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་ལས་སྣེ་ཚོས་ཞི་ཧར་ཚར་ཎ་ཡེབ་ཀྱིས་མཚོན་ཆ་ཐོགས་ཏེ་ལུས་ལ་འབར་མདེལ་བཏགས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་ད་ནངས་ཞོགས་པ་ནས་བྷོ་སི་ཊོན་གྲོང་ཁྱེར་སྲིད་གཞུང་གིས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར། གླ་གཏོང་རླངས་འཁོར་དང་གནམ་གྲུ་བཅས་འགྲིམ་འགྲུལ་མཐའ་དག་བཀག་པ་དང་། བྷོ་སི་ཊིན་གྲོང་ཁྱེར་གྱི་སློབ་གྲྭ་དང་ཚོང་ཁང་ཁག་ཀྱང་སྒོ་བརྒྱབ་སྟེ། ཨ་རིའི་གཞུང་གིས་ཉེན་རྟོག་པ་ཁྲི་ཚོ་༡་ཡས་མས་ཤིག་བྷོ་སི་ཊིན་གྲོང་ཁྱེར་ལ་བཀྲམ་ནས་ཞི་ཧར་ཚར་ཎ་ཡེབ་འཚོལ་ཞིབ་བྱས་པ་དང་། བྷོ་སི་ཊོན་གྲོང་ཁྱེར་གྱི་ཁང་པ་ཞིག་གི་ནང་དུ་ར་ཤི་ཡའི་སྐད་ཆ་བཤད་མཁན་མི་ཞིག་སྐུང་ཡོད་པ་ཉེན་རྟོག་པས་མཐའ་སྐོར་ཡོད་པ་རེད། བདུན་ཕྲག་འདིའི་གཟའ་ཟླ་བ་སྟེ། ཕྱི་ཟླ་༤་ཚེས་༡༥་ཉིན་ཨ་མི་རི་ཀའི་བྷོ་སི་ཊོན་གྲོང་ཁྱེར་གྱི་ལོ་འཁོར་རྒྱུག་རྩལ་འགན་སྡུར་ཚོགས་པ་དང་། ད་ལོའི་རྒྱུག་རྩལ་འགྲན་བསྡུར་དེར་ཨ་རིའི་རྒྱལ་ཡོངས་ཀྱི་མི་ཁྲི་ཚོ་༣་ཡས་མས་མཉམ་ཞུགས་བྱས་ཀྱང་། སྐབས་དེར་རྒྱུག་རྩལ་འགྲན་བསྡུར་ཚོགས་པའི་སྲང་ལམ་ནང་དུ་ས་གནས་ཁག་མི་འདྲ་བ་གཉིས་སུ་འབར་མདེལ་བཀད་དེ། མི་༣་ལ་སྲོག་སྐྱོན་དང་མི་༡༨༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་དང་། ཁ་རྩང་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁང་གིས་འབར་མདེལ་རྒྱག་མཁན་ཡིན་པར་དོགས་གཞི་ཅན་གྱི་མི་དེ་དག་གི་བརྙན་པར་ཕྱིར་འགྲེམ་བྱས་ཡོད་པ་རེད།།
please wait

No media source currently available

0:00 0:02:10 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG