ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པཱའོ་ཞིས་ལེ་ཡིས་ཟས་བཅད་ངོ་རྒོལ།


རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པཱའོ་ཞིས་ལེ་ལྐོག་ཟ་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་བ། ཁོང་མི་བསད་པའི་ཉེས་དོན་སོགས་ལ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཏུ་འཛིན་བཟུང་བྱས་ཏེ།

པཱའོ་ཞིས་ལེ་རྒྱ་ནག་གི་སྤྱི་ཚོགས་སུ་མཐོང་རིག་མེད་པར་ལོ་གཅིག་ཙམ་འཁོར་གྱི་ཡོད་ཅིང་། ཁོང་གིས་བཀག་ཉར་ཁང་དུ་ཟད་བཅད་ངོ་རྒོལ་བྱས་ནས་ཐེངས་གཅིག་སྨན་ཁང་ལ་འཁྱེར་ཏེ་སྨན་བཅོས་བྱེད་དགོས་ཐུག་པའི་གནས་ཚུལ་ཐོན་རུང་། རྒྱ་ནག་གཞུང་གིས་པཱའོ་ཞིས་ལེ་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་ལུས་ཁམས་བདེ་ཐང་ཡིན་མིན། ཁོང་ལ་ནམ་ཁྲིམས་ཐག་གཅོད་རྒྱུ་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དང་། ཉམས་ཞིབ་པ་དང་པཱའོ་ཞིས་ལེའི་གཉེན་ཚན། ད་དུང་པཱའོ་ཞིས་ལེའི་ཁྱིམ་ཚང་ལ་འབྲེལ་བ་ཡོད་པའི་མི་ཚོས་ཟླ་བ་རྗེས་མར་རྒྱ་ནག་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོགས་ཀྱི་ཡོད་པས། པཱའོ་ཞིས་ལེ་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་མ་གྲོལ་བར་དུ་ཁྲིམས་བཤེར་བྱེད་མི་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཕྱི་ཟླ་༢་ཚེས་༢༡་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། པཱའོ་ཞིས་ལེ་ཡིས་བཀག་ཉར་ཁང་དུ་ཟས་བཅད་ངོ་རྒོལ་ཐེངས་གཉིས་བྱས་ཏེ། ཁོང་ལ་བཙན་ཤེད་ཀྱིས་བཟའ་བཏུང་སྤྲོད་དགོས་ཐུག་པ་དང་། པཱའོ་ཞིས་ལེ་ཡིས་རང་ལ་སྲིད་གཞུང་གིས་དྲང་པོ་བྱས་མ་སོང་ཞེས་ཁ་སྤུ་མ་བཞར་པར་བྲང་ཁ་བར་དུ་སྐྱེས་ཡོད་པ་མ་ཟད། ཁོང་ལ་འདྲི་གཅོད་བྱས་ཀྱང་ལན་འདེབས་མི་བྱེད་པར་ཅོག་ཙེ་བརྡུངས་ཏེ། ཁྱོད་ཚོར་ང་ལ་འདྲི་གཅོད་བྱེད་ཆོག་པའི་ཐོབ་ཐང་མེད། ཁྱོད་ཕར་སོང་ཞིག་ཅེས་གཞུང་གི་འདྲི་གཅོད་པ་ཚོར་ཁ་རྡུང་གཏོང་གི་འདུག ཡིན་ནའང་པཱའོ་ཞིས་ལེ་ལ་བཀག་ཉར་ཁང་དུ་རྡུང་རྡེག་དང་མནར་གཅོད་གཏོང་གི་མེད་པ་དང་། ཁོང་ལ་ན་ཚ་བྱུང་ནས་པེ་ཅིང་གི་སྨན་ཁང་ཞིག་ལ་འཁྱེར་ནས་སྨན་བཅོས་བྱས་པ་རེད་ཅེས་བཤད་ཀྱང་། རོ་ཡེ་ཀྲར་གསར་འགྱུར་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེས་པཱའོ་ཞིས་ལེ་སྨན་ཁང་གང་ལ་འཁྱེར་མིན་དང་། ཁོང་པེ་ཅིང་གི་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་བྱེད་ཕོད་མེད་པ་རེད།
XS
SM
MD
LG