ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

བྷིལ་བྷན་སི་ལེས་གློ་བོའི་ཡུལ་དུ་རྒྱས་སྤྲོས་མགྲོན་ཁང་ཞིག་སྒོ་དབྱེ་རྒྱུ།


༄༅།། འཛམ་གླིང་ཡོངས་སུ་སྐད་གྲགས་ཡོད་པའི་ཤིན་ཏ་མ་ཎི་མགྲོན་ཁང་གི་བདག་པོ་བྷིལ་བྷན་སི་ལེས་གློ་བོའི་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འདུག་སའི་དེང་སྐབས་ཀྱི་རྒྱས་སྤྲོས་ལྡན་པའི་མགྲོན་ཁང་ཞིག་སྒོ་དབྱེ་རྒྱུའི་ཆེད་དུ་ས་ཁང་ཉོས་འདུག ཕྱི་ཟླ་༤་པའི་ཚེས་༤་ཉིན་ཧི་མ་ལ་ཡ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྷིལ་བྷན་སི་ལེར་འཛམ་གླིང་ཡོངས་སུ་ཤིན་ཏ་མ་ཎི་མགྲོན་ཁང་༢༠༠་ལྷག་ཡོད་ཅིང་། ད་ལྟ་ཁོང་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་སུ་ཞུགས་ནས་ཤར་པའི་མགྲོན་སྐྱོང་ཚོགས་པ་དང་གྲོས་མཐུན་བཞག་སྟེ་གློ་སྨོན་ཐང་དུ་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ཞིག་སྒོ་འབྱེད་རྒྱུའི་གྲོས་མཐུན་བྱུང་འདུག སྐུ་ཞབས་བྷིལ་བྷན་སི་ལེ་དང་ཤར་པའི་མགྲོན་སྐྱོང་ཚོགས་པའི་འགན་འཛིན་ཤར་པ་རྣམ་རྒྱལ་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་གློ་བོའི་མོཀ་ཤ་ཡ་མགྲོན་ཁང་དེར་ཤིན་ཏ་མ་ཎི་མགྲོན་ཁང་ཞེས་སྒོ་བྱང་བསྒྱུར་རྒྱུའི་ཐག་བཅད། བལ་ཡུལ་གྱི་ཡེ་ཏི་ཚོགས་པའི་གཙོ་འཛིན་ཤར་པ་ལྷག་པ་བསོད་ནམས་ཀྱིས་འཛམ་གླིང་གི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་བདག་པོ་ཞིག་གིས་བལ་ཡུལ་གྱི་ས་ཐོག་ཏུ་མགྲོན་ཁང་གཉེར་འཛིན་བྱེད་ཀྱི་ཡོད་པ་ཐེངས་དང་པོ་རེད་ཅེས་བཤད།།

བྷིལ་བྷན་སི་ལེ་ནི་ཨ་མི་རི་ཀའི་བཟོ་བཀོད་པ་མཁས་པ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌིར་གནས་འཁོད་བྱས་ནས་རྒྱལ་ཁབ་༤༠་ལྷག་གི་ནང་དུ་མགྲིན་ཁང་༢༠༠་ལྷག་སྒོ་ཕྱེ། བཟོ་བཀོད་མཁས་པའི་གཟེངས་རྟགས་ཐོབ་པའི་བྷིལ་བྷན་སི་ལེས་གློ་བོའི་ཡུལ་གྱི་ཤིན་ཏ་མ་ཎི་མགྲོན་ཁང་དུ་བསྡད་པའི་མི་ཚོར་གཏན་ནས་བརྗེད་ཐབས་མེད་པའི་བག་ཆགས་ཤིག་འཇོག་ཐུབ་པའི་མགྲོན་ཁང་ཞིག་སྒོ་དབྱེ་འཆར་ཡོད་ཅེས་བཤད་འདུག་པར་མ་ཟད། ཤར་པ་རྣམ་རྒྱལ་གྱིས་ཀྱང་གློ་བོའི་ཡུལ་དུ་ཤིན་ཏ་མ་ཎི་མགྲོན་ཁང་ཞིག་སྒོ་དབྱེ་ཡི་ཡོད་པ་དེས་བལ་ཡུལ་ལ་རྒྱལ་སྤྱིའི་རྒྱས་སྤྲོས་ཅན་གྱི་མགྲིན་ཁང་གཞན་ཁག་ཀྱང་སྒོ་ཕྱེ་ནས་ཚོང་ལས་གཉེར་རྒྱུའི་སྐུལ་ལྕག་ཐེབས་ཤས་ཆེ་ཞེས་བཀྲལ། བལ་ཡུལ་གྱི་ཀོ་ར་ཡུལ་སྐོར་སྤྲོ་འཆམ་ཚོང་གཉེར་ཁང་གི་འགན་འཛིན་བྷི་ཇཱེ་ཨ་མ་ཏ་ཡ་ཞེས་པ་ཞིག་གིས་བལ་ཡུལ་ལ་ཤིན་ཏ་མ་ཎི་ལྟ་བུའི་རྒྱལ་སྤྱིའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ཞིག་སྒོ་དབྱེ་ན་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ། གློ་བོའི་ཡུལ་དུ་ཤིན་ཏ་མ་ཎི་མགྲོན་ཁང་ཞིག་སྒོ་དབྱེ་འཆར་ཡོད་པ་དེས་ས་གནས་མི་མང་ལ་ལས་ཀ་དང་ཚོང་ལས། ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཚད་ལྡན་གྱི་མགྲོན་ཁང་ཞིག་འདུག་ས་ཡོད་པས་ཕྱོགས་ཚང་མར་ཁེ་ཕན་ཆེ། འདས་པའི་ལོ་གཉིས་ལྷག་ལ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགྲིམ་འགྲུལ་དང་ཡུལ་སྐོར་སྤྲོ་འཆམ་བཀག་པའི་རྗེས་སུ་བལ་ཡུལ་གྱི་མངའ་ཁོངས་སུ་བསྡུས་པའི་གློ་བོའི་ཡུལ་དུ་ཚོང་ལས་ཉམས་ཆག་དང་མི་དམངས་ལ་དཔལ་འབྱོར་གྱི་ཡོང་འབབ་མེད་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༣༡་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་དུས་ཤིག་ནས་བལ་ཡུལ་ཕྱི་ནང་གཉིས་ནས་གློ་བོའི་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་སོང་སྟེ་གློ་སྨོན་ཐང་དང་གློ་བོའི་ཡུལ་དུ་ཉིན་ལྟར་གནམ་ས་གཉིས་ནས་ཡུལ་སྐོར་སྤྲོ་འཆམ་པ་༣༠༠༠་ཡས་མས་རེ་ཡོང་གི་ཡོད་པ་ནི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་མཁན་ཚོར་དགའ་དགོས་པའི་གནས་ཚུལ་ཞིག་རེད། ཡུལ་སྐོར་སྤྲོ་འཆམ་པ་ཚོར་གློ་བོའི་ཡུལ་དུ་རྩེ་མོ་གནམ་ལ་ཟུག་པའི་རི་བོ་དང་གངས་རི། སྔོན་པོ་གཡུ་ལྟར་དྭངས་པའི་ཆུ་དང་མཚེའུ། འཇིགས་སུ་རུང་བའི་གྲོག་རོང་དང་འགག་འཕྲང་དོག་མོ་སོགས་འགྲིམས་ནས་ལྟད་མོར་བལྟ་རྒྱུ་ཡོད་པས་ཉམས་མྱོང་མ་འདྲ་ཞིག་འཐོབ་ངེས་རེད་ཅེས་གནས་ཚུལ་སྤེལ། བལ་པོ་དེ་བ་ལལ་པོན་ཌལ་ཞེས་པའི་ཡུལ་སྐོར་བ་ཞིག་གིས་གློ་བོའི་ཡུལ་ནི་སྔོན་ནས་ཚོད་དཔག་བྱས་པ་ལས་ཀྱང་ཡིད་དབང་འཕྲོག་པ་ཞིག་རེད། ཡིན་ནའང་ཡུལ་སྐོར་སྤྲོ་འཆམ་པ་མང་བའི་སྐབས་འདིར་མགྲོན་ཁང་ཡག་པོ་དང་མགྲོན་ཁང་འདང་ངེས་ཤིག་མི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། རྫོང་གསར་གནམ་ཐང་གི་འགན་འཛིན་པུ་ཤ་ཀལ་ར་ཇ་ཤར་མས་ཕྱི་ཟླ་༣་པའི་ཚེས་༦་ནས་གློ་བོའི་ཡུལ་དང་བལ་ཡུལ་གྱི་སྦོག་རའི་བར་དུ་ཉིན་ལྟར་འགྲུལ་སྐྱེལ་གནམ་གྲུ་ཐེངས་༡༥་རེ་འཕྲུར་སྐྱོད་བྱེད་ཀྱི་ཡོད། གནམ་གྲུ་གཅིག་གི་ནང་དུ་འགྲུལ་པ་༡༨་ཤོང་བས་ཉིན་ལྟར་མཁའ་ལམ་བརྒྱུད་ནས་གློ་བོའི་ཡུལ་དུ་ཡུལ་སྐོར་བ་༢༥༠་ཐམ་པ་ཡོང་གི་ཡོད་པ་རེད་ཅེས་བཀྲལ།།

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་ཀ་ཏ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༡༨་གཅིག་པུར་བལ་ཡུལ་གྱི་ཧོ་ལི་ཚོན་གཏོར་དུས་ཆེན་སྐབས་སུ་སྤྱི་སྤྱོད་རླངས་༦༠་ཐམ་པ་དང་ལྗིབ་འཁོར་༡༦༤་བཏང་ནས་གློ་བོའི་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་བསླེབས་འདུག གློ་བོའི་ཡུལ་དུ་བསྐྱོད་པའི་ཡུལ་སྐོར་དུས་ཚིགས་ནི་ཕྱི་ཟླ་༢་པའི་ཟླ་དཀྱིལ་ནས་༥་པའི་ཟླ་དཀྱིལ་བར་དང་ཕྱི་ཟླ་༩་པའི་ཟླ་དཀྱིལ་ནས་༡༡་པའི་ཟླ་དཀྱིལ་བར་དུ་རེད། དགུ་རོང་པདྨ་འགྱུར་མེད་ཟེར་བའི་ཁེ་ལས་གཉེར་མཁན་ཞིག་གིས་གློ་བོའི་ཡུལ་གྱི་སྟོད་ཕྱོགས་ཏེ། བལ་བོད་ས་མཚམས་སུ་ལོ་ངོ་སྟོང་ཕྲག་སྔོན་དུ་བརྐོས་པའི་གད་ཁུང་རྙིང་པ་ཞིག་གི་ནང་དུ་མགྲོན་ཁང་བརྒྱབ་སྟེ་ཡུལ་སྐོར་བ་རྣམས་སྣེ་ལེན་བྱེད་ཀྱི་འདུག གློ་བོའི་ཡུལ་གྱི་གད་ཁུང་དེ་རྣམས་གཡང་གཟར་དུ་ཆགས་ཡོད་པས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་གཙོ་བོ་ཞིག་ཡིན་ཞིང་། དགུ་རོང་པདྨ་འགྱུར་མེད་ཀྱིས་༢༠༡༨་ནས་གད་ཁུང་ནང་དུ་མགྲོན་ཁང་གཉེར་འཛིན་བྱས་པ་རེད་ཅེས་གནས་ཚུལ་ཐོན། ཁོང་གིས་གསར་འགོད་པར་ཕྱི་ཟླ་༣་པ་ནས་རྒྱ་ལམ་འཛུགས་སྐྲུན་བྱས་པའི་རྗེས་སུ་ཡུལ་སྐོར་བ་ཚོར་འགྲུལ་ལམ་སྟབས་བདེ་དང་གློ་སྨོན་ཐང་སོགས་ལ་བདེ་བླག་ཏུ་བསྐྱོད་ཐུབ་ངེས་རེད་ཅེས་བཤད། ད་ལོའི་ཕྱི་ཟླ་༣་པའི་ཚེས་༡༠་ནས་བལ་ཡུལ་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆ་ཚང་བརྒྱབ་ཟིན་པའི་ཕྱི་རྒྱལ་གྱི་འགྲུལ་པ་རྣམས་སླར་ཡང་བལ་ཡུལ་དུ་ཡོང་ཆོག་ཅེས་ཡུལ་སྐོར་བ་ཚོར་སྒོ་ཕྱེ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG