ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མི་ཆོག་ཅེས་ནན་སྐུལ།


༄༅།། ཕྱི་ཟླ་༣་པའི་ཚེས་༡༨་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་བྱུང་། ཨུ་རུ་སུས་རྒྱ་ནག་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་པ་ལྟར་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཚེ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ལ་ཉེན་བརྡ་ནན་པོ་བཏང་འདུག མཉམ་འབྲེལ་གསར་ཁང་དང་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་སྲིད་འཛིན་བྷ་ཌན་ལ་བཀའ་མོལ་གནང་བའི་སྐབས་སུ་རྒྱ་ནག་ལ་ཡུཀ་རེན་གྱི་དམག་འཁྲུག་འདི་འབྱུང་དུ་འཇུག་འདོད་མེད། འཁྲུག་རྩོད་དང་གདོང་ཐུག་བྱུང་ན་སུ་གཅིག་ལའང་ཁེ་ཕན་མེད། ཞི་བདེ་དང་བདེ་འཇགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཙིགས་སུ་འཛིན་པའི་གཅེས་ནོར་ལྟ་བུ་ཞིག་ཡིན་ཞེས་བཤད་ཡོད་ཅིང་། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་དུས་ཡུན་ཆུ་ཚོད་༢་མ་ཟིན་ཙམ་གྱི་རིང་བཀའ་མོལ་གནང་བའི་སྐབས་དེར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་དམག་འཁྲུག་མཚམས་འཇོག་བྱེད་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཡུཀ་རེན་གྱི་དམག་འཁྲུག་གིས་ཨ་མི་རི་ཀས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་དུས་མཉམ་དུ་ཁ་གཏད་གཅོག་དགོས་པ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་འཕྲད། ཡུཀ་རེན་གྱི་དམག་འཁྲུག་འགོག་ཐབས་སུ་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀའི་ཁ་གཏད་པ་གཙོ་བོ་རྒྱ་ནག་ལ་འབྲེལ་བ་བྱ་དགོས་པ་ཞིག་ཏུ་གྱུར། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ནས་རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲད་ནས་ཡུཀ་རེན་གྱི་དམག་འཁྲུག་རྒྱུན་འཁྱོངས་བྱེད་སྲིད་པའི་སེམས་ཁྲལ་ཡོད། རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་སྤྲད་ནས་རོགས་བྱེད་ན་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་ངེས་ཡིན་ཞེས་ཐ་ཚིག་བསྒྲགས།།

ཕོ་བྲང་དཀར་པོའི་མགྲིན་ཚབ་པས་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་བཀའ་མོལ་གནང་ནས་ཨ་མི་རི་ཀའི་ལངས་ཕྱོགས་དང་རྒྱ་ནག་ལ་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་པ་རྣམས་གསལ་བཀྲོལ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་བཤད། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་ཁེ་ཕན་དོན་གཉེར་དང་རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་བརྩི་འཇོག་བྱས་ནས་མཛའ་གྲོགས་ཀྱི་འདུ་ཤེས་འཛིན་པ། གཞན་གྱི་ཁེ་ཕན་སོགས་ལ་ནམ་ཡང་བསམ་བློ་གཏོང་མི་སྲིད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་ཐོག་ཏུ་ཨུ་རུ་སུ་མཐག་གཅིག་ཏུ་འཕྱུགས། འཛམ་གླིང་ཧྲིལ་པོ་ཨུ་རུ་སུའི་དགྲ་རུ་ལྡང་སྟེ་ཕུ་ཊིན་ལ་བྱང་ཀོ་རི་ཡ་དང་སི་རི་ཡ། བྷེ་ལོ་རུ་སི་དང་ཨི་རི་ཊེ་རི་ཡ་བཞི་མ་གཏོགས་རྒྱབ་སྐྱོར་བ་མེད་པས་ཞིས་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ། གཟའ་པ་སངས་ཉིན་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་དྲྭ་ལམ་ཐུག་འཕྲད་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུ་དང་ཡུཀ་རེན་གྱིས་ཞི་བའི་གྲོས་མོལ་བྱེད་དགོས་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲོད་དགོས། ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་སྤྲད་ནས་འཁྲུག་ཚབས་ཆེ་རུ་གཏོང་གི་འདུག རྒྱ་ནག་དང་ཨ་མི་རི་ཀ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་ཡིན་པས་ཨ་རྒྱའི་འབྲེལ་བ་བཟང་ཕྱོགས་སུ་བསྒྱུར་དགོས། ཨ་རྒྱ་གཉིས་ཀས་འཛམ་གླིང་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་ལས་འགན་མཉམ་ཁུར་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཡུཀ་རེན་གྱི་མི་མང་དཀྱུས་མ་ཚོར་སྲོག་སྐྱོན་འཕོག་གི་ཡོད་པ་གང་ཐུབ་ཀྱིས་གཡོལ་ཐབས་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་བཤད།།

སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་དྲྭ་ལམ་ཐུག་འཕྲད་གྲོས་མོལ་དེར་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་ཤིང་། ཇཱོ་བྷ་ཌན་གྱིས་ཕུ་ཊིན་ལ་ཨུ་རུ་སུ་དང་རྒྱ་ནག་གི་མཛའ་འབྲེལ་ནི་ཚད་བཀག་མེད་པ་ཞིག་མིན། ཐ་ན་ཨ་རི་དང་རྒྱ་ནག་གིས་ཨུ་རུ་སུ་གླེང་སློང་བྱེད་ཀྱ་ཡོད་ཀྱང་ཨུ་རུ་སུ་གྲོས་མོལ་ཁོངས་སུ་མགྲོན་འབོད་བྱེད་ཀྱི་མེད། ཨ་མི་རི་ཀས་ཨུ་རུ་སུ་གནད་འགག་ཅིག་ལ་རྩི་ཡི་མེད་ཅེས་ར་སྦྲགས་གཏོང་གི་ཡོད་པའི་མཚོན་དོན་ཞིག་འདུས། ཟླ་བ་སྔོན་མར་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོའི་སྔོན་དེར་རྒྱ་ནག་དང་ཨུ་རུ་སུའི་མཛའ་འབྲེལ་ལ་ཚད་འཛིན་མེད་ཅེས་སྤྱི་བསྒྲགས་སྤེལ། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་རྒྱ་ནག་དང་ཨུ་རུ་སུ་མཉམ་འབྲེལ་བྱུང་ན་སྟོབས་ཤུགས་ཅན་གྱི་ཁ་གཏད་པ་ཞིག་ལ་འགྱུར་སྲིད་པའི་བློ་འཚབ་བྱུང་། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཨུ་རུ་སུའི་གཞུང་གིས་རྒྱ་ནག་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུས། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་གིས་ཁ་རྡུང་དྲག་པོ་གཏོང་གི་མེད་པར་མ་ཟད། རྒྱ་ནག་གིས་བཙན་འཛུལ་ཞེས་ཐ་སྙད་ཀྱང་བཀོལ་སྤྱོད་བྱེད་མེད་ཅིང་། རྒྱ་ནག་གིས་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་མཐའ་མཚམས་བར་དུ་རྒྱ་སྐྱེད་ཀྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག ཡིན་ནའང་རྒྱ་ནག་གིས་སོ་སོའི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་བློས་བཏང་ནས་ཨུ་རུ་སུ་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲོད་རྒྱུ་ཁག་པོ་རེད། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་སེ་པེན་གྱི་ཕྱི་སྲིད་བློན་ཆེན་ལ་ཁ་པར་ནང་དུ་གྲོས་མོལ་བྱས་པའི་སྐབས་དེར་ཡུཀ་རེན་གྱི་དཀའ་རྙོག་ཐོག་ཏུ་རྒྱ་ནག་གང་གི་ཕྱོགས་སུའང་ལངས་མེད་ཅེས་བཤད། གཟའ་འཁོར་འདིར་ཡུཀ་རེན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཧྥན་ཤང་རུང་གིས་ང་ཚོས་ནམ་ཡང་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་བར་པེ་ཅིང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་སྤྲད་ན་ཨ་རི་སོགས་ཀྱིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་ཚོང་ལས་ལ་གྱོང་གུད་འཕོག་སྲིད་པའི་འཇིགས་སྣང་གིས་རྒྱ་ནག་གི་མ་རྐང་ཁྲོམ་རར་བརྡབ་གསིག་ཆེན་པོ་ཐེབས། ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀར་ནུབ་ཕྱོགས་པའི་ལམ་ལུགས་ལ་ཁ་གཏད་གཅོག་འདོད་ཡོད་པ་གཅིག་མཚུངས་རེད། དེང་སྐབས་རྒྱ་ནག་གིས་སྐད་གསང་མཐོན་པོས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་དོན་དམ་དུ་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དེ་བས་ཀྱང་སྡུག་ཏུ་གཏོང་འདོད་མེད་པ་གསལ་པོ་རེད། ལྷག་པར་དུ་རྒྱ་ནག་གི་དངུལ་ཁང་ཁག་ལ་ཨ་སྒོར་བཀོལ་སྤྱོད་བྱེད་མི་ཆོག་པ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་ཀའི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བཀག་སྡོམ་གྱི་ཉེས་ཆད་གཅོད་སྲིད་པར་དོགས་ཟོན་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་ནི་ཨུ་རུ་སུའི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན་རུང་རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་རྒྱ་ནག་གི་ཕྱིར་ཚོང་བརྒྱ་ཆ་༢་ལས་མི་ཟིན། རྒྱ་ནག་དང་ཨ་རི། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་གྱི་ཚོང་ལས་ནི་ལྡབ་འགྱུར་གྱིས་མང་བ་ཡོད། དེས་ན་རྒྱ་ནག་གིས་ཉིན་ཤས་སྔོན་ནས་ཨུ་རུ་སུ་ལ་རྒྱང་བཀྱེད་ཀྱི་ཡོད་པའི་རྟགས་མཚན་ཞིག་ཐོན། རྒྱ་ནག་གིས་ཕུ་ཊིན་གྱི་དམག་འཁྲུག་དེར་རྒྱབ་སྐྱོར་བྱེད་ཐུབ་པ་ནི་ཨུ་རུ་སུས་རྒྱ་ནག་གི་དངུལ་ལོར་ཨ་སྒོར་དུང་ཕྱུར་༩༠༠་ཐམ་པ་ཉར་འཛིན་ཡོད་པ་དེ་རེད། ཨུ་རུ་སུས་རྒྱ་ནག་ལ་མི་དམངས་ཤོག་སྒོར་སྤྲད་ནས་དེའི་ཚབ་ཏུ་རྒྱ་ནག་ནས་ཨ་སྒོར་བླངས་ན་ཨ་རི་སོགས་ཀྱིས་ཨུ་རུ་སུ་ལ་དངུལ་སྒོར་སྤྲོད་ལེན་བཀག་སྡོམ་བྱེད་ཀྱི་ཡོད་པར་རྒྱབ་འགལ་བྱུང་སྟེ་རྒྱ་ནག་ལ་ཉེས་ཆད་འཕོག་རྒྱུ་ཉེན་ཁ་ཆེ་ཞེས་བསྟན།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུར་འགྲུལ་སྐྱེལ་གནམ་གྲུའི་འཕྲུལ་ཆས་ཨ་མ་དང་ལྷུ་ལག་བཙོང་རྒྱུ་མིན་པའི་ཐག་བཅད། ཕྱི་ཟླ་༣་པའི་མགོ་སྟོད་དེར་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་ལ་འགྲུལ་སྐྱེལ་གནམ་གྲུའི་ལྷུ་ལག་བཙོང་རོགས་ཞེས་འབོད་སྐུལ་ཞུས། རྒྱ་ནག་གིས་ཨ་རི་དང་ཡུ་རོབ་ནས་ནང་འདྲེན་བྱས་པའི་འགྲུལ་སྐྱེལ་གནམ་གྲུའི་ལྷུ་ལག་མ་བཙོངས། དེ་ནས་ཨུ་རུ་སུའི་སྐྱེལ་འདྲེན་ལྷན་ཁང་གིས་རྒྱ་གར་དང་ཏུར་ཀི་སོགས་ལ་འབྲེལ་བ་བྱས་ནས་འགྲུལ་སྐྱེལ་གནམ་གྲུའི་ལྷུ་ལག་ཉོ་ཐབས་བྱས་མོད། གལ་སྲིད་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་དེ་ཚོར་ལྷུ་ལག་གསར་པ་མེད་ན་མཁའ་ལམ་སྐྱེལ་འདྲེན་ལ་བར་ཆད་དང་ཨུ་རུ་སུའི་མཁའ་ལམ་འགྲིམ་འགྲུལ་ཡང་བདེ་འཇགས་མེད་པར་འགྱུར་རྒྱུའི་གནས་ཚུལ་ཐོན། ཧ་ཅང་ཁྱད་མཚར་ཞིག་ལ་རྒྱ་ནག་གཞུང་གིས་བཙུགས་པ་དང་པེ་ཅིང་དུ་དབུས་སྤྱི་ཁྱབ་ཁང་ཚུགས་ཡོད་པའི་ཨེ་ཤི་ཡའི་འཛུགས་སྐྲུན་དང་མ་རྩ་འཛུགས་འཇོག་དངུལ་ཁང་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་བརྟེན་ནས་ཨུ་རུ་སུ་དང་བྷེ་ལོ་རུ་སིའི་དངུལ་ཁང་ཁག་ལ་ཚོང་འབྲེལ་གཅོད་ཀྱི་ཡོད། འདི་ནི་ཨེ་ཤི་ཡའི་འཛུགས་སྐྲུན་དང་མ་རྩ་འཛུགས་འཇོག་དངུལ་ཁང་གི་ཁེ་ཕན་ལ་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བཀྲལ། ཨ་མི་རི་ཀ་སོགས་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཅད་བཀལ་ནས་སྲིད་འཛིན་ཕུ་ཊིན་ལ་དམག་གྲོན་མེད་པར་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ཚུད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG