ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བྷ་ཌན་དང་ཞིས་ཅིན་ཕིང་གིས་ཁ་པར་ནང་དུ་གླེང་མོལ། 


༄༅།། སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཀྱིས་གཟའ་ཕུར་བུའི་ཉིན་ཁ་པར་ནང་དུ་གླེང་མོལ་བྱུང་། འདི་ནི་ཟླ་བ་བདུན་གྱི་རྗེས་སུ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཁ་པར་ནང་དུ་ཕན་ཚུན་བཀའ་མོལ་གནང་བ་ཐེངས་དང་པོ་ཡིན་ཞིང་། ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་སྤེལ་བ་དེར་འཁོད་པ་ལྟར་ན། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་དང་ཨ་རྒྱའི་ལྟ་གྲུབ་ཀྱི་རིན་ཐང་། ཨ་རི་དང་རྒྱ་ནག་གཉིས་མི་མཐུན་ས་ཡོད་པ་བཅས་གནད་དོན་མང་དག་ཅིག་ལ་བཀའ་མོལ་གནང་སོང་། ལྷག་པར་དུ་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཨ་རྒྱ་གཉིས་ཀྱི་འགྲན་སྡུར་དེ་འཁྲུག་རྩོད་ཀྱི་ངོ་བོར་མི་འགྱུར་བའི་འགན་འཁྲི་ལེན་དགོས་པའི་ནན་བརྗོད་གནང་སོང་ཞེས་བཀོད། ཁ་སང་གི་གླེང་མོལ་དེ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཁ་པར་ནང་དུ་བཀའ་མོལ་གནང་བ་ཐེངས་གཉིས་པ་ཡིན། ཉེ་ཆར་ཨ་རྒྱ་གཉིས་ཀྱི་བློན་ཆེན་རིམ་པའི་ལས་སྣེ་ཚོ་ཐུག་འཕྲད་གྲོས་མོལ་བྱས་ཀྱང་གནད་དོན་མང་དག་ཅིག་ཐག་གཅོད་བྱུང་མེད་པས་སྲིད་འཛིན་བྷ་ཌན་གྱིས་ཐད་ཀར་ཞིས་ཅིན་ཕིང་ལ་ཁ་པར་ནང་དུ་བཀའ་མོལ་གནང་རྒྱུའི་གྲོས་འགོ་བཏོན།།

ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་དུས་ཡུན་སྐར་མ་༩༠་ཐམ་པར་བཀའ་མོལ་གནང་སོང་། སྲིད་འཛིན་བྷ་ཌན་གྱིས་ཕོ་བྲང་དཀར་པོའི་ཆིངས་ཡིག་ཚོམས་ཆེན་དུ་བཀའ་མོལ་གནང་སྟེ་བཀའ་མོལ་དེ་གུས་ཞབས་ལྡན་པ་དང་ཞལ་གསང་པོ། ཀུན་ཁྱབ་སྲོལ་ལུགས་ལ་མཐུན་པའི་ཡག་པོ་ཞིག་བྱུང་སོང་། བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་བ་རྣམས་རྒྱུན་འཁྱོངས་བྱ་རྒྱུ། སྲིད་ཇུས་དེ་ཨ་མི་རི་ཀ་གཅིག་པུས་ལག་ལེན་བསྟར་རྒྱུ་མིན་པར་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུའི་བརྡ་བཏང་སོང་ཞེས་བསྒྲགས། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་སྲིད་འཛིན་བྷ་ཌན་ལ་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་ཁག་པོ་ཞིག་ལ་བསྒྱུར་སོང་། རྒྱ་ནག་དང་ཨ་མི་རི་ཀ་གཉིས་མཉམ་འབྲེལ་བྱེད་ན་འཛམ་གླིང་ཡོངས་ལ་ཁེ་ཕན་ཡོད། གལ་སྲིད་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་གདོང་ཐུག་བརྒྱབ་ན་འབྲེལ་ཡོད་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་དཀའ་ངལ་འཕྲད་རྒྱུ་རེད། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་གཏོང་དགོས་མིན་གྱི་སྐད་ཆ་ཞིག་མ་རེད། ང་ཚོར་པེ་ཅིང་དང་ཝི་ཤིང་ཊོན་གྱི་འབྲེལ་བ་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་གྱི་གདམ་ཀ་ཞིག་ལས་མི་འདུག་ཅེས་གླེང་མོལ་བྱས་པའི་གནས་ཚུལ་སྤེལ་འདུག

༢༠༢༡་གི་མགོ་སྟོད་དེར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཁ་པར་ནང་དུ་བཀའ་མོལ་ཐེངས་དང་པོ་བྱུང་ཞིང་། སྐབས་དེར་ཨ་མི་རི་ཀ་དང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོ་རྩོད་པ་ཆེན་པོ་བྱུང་། རྒྱ་ནག་གིས་བཙན་དྲག་དང་འཇིགས་སྐུལ། རྒྱ་སྐྱེད་ཀྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པར་ཨ་མི་རི་ཀས་ཐེར་འདོན་བྱས་ནས་རྒྱ་ནག་གིས་དེ་ལ་དགག་པ་དྲག་པོ་བརྒྱབ་སྟེ་བཀའ་མོལ་ཡག་པོ་ཞིག་གཏན་ནས་བྱུང་མ་སོང་། ཞིས་ཅིན་ཕིང་གིས་སྲིད་དབང་གཅིག་སྡུད་བྱེད་ཡོད་པས་སྲིད་འཛིན་བྷ་ཌན་གྱིས་ཐད་ཀར་བཀའ་མོལ་མ་གནང་བར་ཨ་རྒྱ་གཉིས་ཀྱི་དམའ་རིམ་ལས་སྣེ་ཚོས་གྲོས་མོལ་བྱེད་ཀྱི་ཡོད་པ་དེར་གྲུབ་འབྲས་འཐོན་དཀའ་ཞེས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་འགྲེལ་བརྗོད་བྱས་འདུག ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཨབ་གྷ་ཎི་སི་ཐན་གྱི་གནས་སྟངས་གླེང་སློང་བྱས་ཡོད་མེད་གསལ་བཀྲོལ་མ་བྱས་མོད། འོན་ཀྱང་གཟའ་འཁོར་འདིར་རྒྱ་ནག་གིས་ཏ་ལི་བྷན་ལ་ཨ་སྒོར་ས་ཡ་༣༡་གི་རིན་འབབ་ཀྱི་ཟ་འབྲུ་དང་དགུན་གྱི་མཁོ་ཆས། སྨན་དང་སྨན་ཁབ་སོགས་རོགས་རམ་སྤྲོད་ཆོག ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་རྒྱག་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་འདུག

ཨ་མི་རི་ཀ་དང་རྒྱ་ནག་གཉིས་མི་མཐུན་པའི་འགལ་ཟླ་འབྱུང་ས་མང་དག་ཅིག་ཡོད་ཀྱང་ཉེ་དུས་ཤིག་ནས་ཐེ་ཝན་གྱི་གནས་ཐོབ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས། དྲྭ་ལམ་བདེ་འཇགས་དང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་དགོས་བཅས་ཀྱིས་ཨ་རི་དང་རྒྱ་ནག་གི་འགལ་ཟླ་ཆེ་རུ་གཏོང་གི་ཡོད་ཅིང་། ཨ་མི་རི་ཀས་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཤོར་བའི་དོགས་སློང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་དེ་ལ་ངོས་ལེན་གཏན་ནས་བྱེད་ཀྱི་མེད་པར་མ་ཟད། ཟླ་བ་རྗེས་མར་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་རྒྱུ། སྐབས་དེར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་དངོས་སུ་ཐུག་ནས་གྲོས་མོལ་བྱེད་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡོད། ཡིན་ནའང་ཨ་རྒྱ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོས་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ཚོགས་འདུའི་ཞོར་དུ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ལོགས་སུ་ཐུག་འཕྲད་གྲོས་མོལ་གྱི་མཛད་རིམ་གཏན་འབེབས་བྱས་མེད་ཅེས་བཤད། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་ཞིག་ལ་ཞིས་ཅིན་ཕིང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་ཆེན་ལ་མཉམ་ཞུགས་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པའི་བརྡ་ཞིག་བཏང་འདུག ད་ལྟ་ཞིས་ཅིན་ཕིང་རྒྱ་ནག་ནས་ཕྱི་ལ་མ་ཐོན་པར་ལོ་གཉིས་ཟིན་གྲབས་ཡོད་པས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་ཆེན་ལ་ཞིས་ཅིན་ཕིང་མཉམ་ཞུགས་མ་བྱས་ཚེ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་སོགས་རྒྱལ་སྤྱིའི་ལས་དོན་གལ་ཆེན་ཁག་ཐག་གཅོད་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་ཅེས་དོགས་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༣་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝྭན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་རྣམས་ཨ་མི་རི་ཀའི་ཨ་ལ་སི་ཀ་མངའ་སྡེར་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཁོ་ཚོའི་གྲོས་མོལ་དེ་འགོ་འཛུགས་བྱས་མ་ཐག་ནས་སྡང་འཛིན་དང་ཁ་རྩོད་ལ་གྱུར། དབྱང་ཅེ་ཊིས་ཨ་མི་རི་ཀས་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་རྒྱུན་ལྡན་གྱི་ཚོང་ལས་ལ་འགོག་རྐྱེན་བཟོ་ཡི་འདུག ཨ་མི་རི་ཀས་རྒྱལ་ཁབ་ཁག་ཅིག་ལ་ངན་སྐུལ་བྱས་ནས་རྒྱ་ནག་ལ་གཏོར་རྒོལ་བྱོས་ཟེར་གྱི་འདུག ཨ་རིའི་སྤྱི་ཚོགས་སུ་མི་རིགས་ནག་པོ་རྣམས་དམར་གསོད་བྱེད་ཀྱི་འདུག་ཅེས་ཚིག་རྩུབ་ཀྱིས་ཁ་རྡུང་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་དེར་གྲུབ་འབྲས་མ་ཐོན། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་བྷ་ཌན་དང་ཞིས་ཅིན་ཕིང་གི་གླེང་མོལ་སྐབས་སུ་གནད་དོན་བྱེ་བྲག་པ་གང་གང་ལ་གྲོས་མོལ་བྱས་ཡོད་མེད་གསལ་པོར་མ་བཤད་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གླེང་སློང་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྒྱ་ནག་གཏན་ནས་དགའ་མོས་མེད་པ་རེད་ཅེས་བསྟན། ཨ་རི་དང་རྒྱ་ནག་གཉིས་ཀས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་བཀའ་མོལ་དེ་ཡག་པོ་བྱུང་སོང་ཟེར་གྱི་ཡོད་ཀྱང་བཀའ་མོལ་དེར་གྲུབ་འབྲས་ཤིག་སྨིན་རྒྱུ་ཡོད་མེད་ནི་ཕྱིས་སུ་དུས་ཚོད་ཀྱི་ར་སྤྲོད་འབྱུང་གི་རེད་ཅེས་ཉམས་ཞིབ་པ་ཚོས་ལྟ་ཚུལ་བརྗོད་འདུག

XS
SM
MD
LG