ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་དང་ཊམ་གྱི་བློན་ཆེན་རྣམས་འདེམས་སྒྲུག་གི་ཁྱད་པར།


ཇཱོ་བྷ་ཌན་གྱིས་ལོ་༢༠་ལྷག་གི་ཕྱི་འབྲེལ་གྱི་ཉམས་མྱོང་ཅན་ཨན་ཐོ་ཎི་བྷ་ལིན་ཁེན་ཕྱི་སྲིད་དྲུང་ཆེར་འདེམས་སྒྲུག 

༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་དང་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གཉིས་ཀྱི་རང་གི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་དང་འགན་འཛིན། ཨ་རིའི་སྐུ་ཚབ་སོགས་འདེམས་སྒྲུག་བྱེད་ཕྱོགས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་ཐོན་ཡོད་ཅིང་། དཔེར་ན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་རང་གི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་དང་ལས་ཁུངས་ཁག་གི་འགན་འཛིན། ཨ་མི་རི་ཀའི་སྐུ་ཚབ་སོགས་ཀྱི་འོས་མི་རྣམས་འདེམས་སྒྲུག་བྱེད་སྟངས་རྣམས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་ཨང་དང་པོར་བརྩི་རྒྱུ་དང་རྒྱལ་སྤྱིའི་མཐུན་གྲོགས་ཁག་ལ་འབྲེལ་བ་སྡུག་ཏུ་གཏོང་རྒྱུ། ཨ་རིའི་འབྱོར་ལྡན་པ་ཚོར་དཔྱ་ཁྲལ་བཅག་པ་དང་སྒྲིག་གཞི་རྣམས་མེད་པར་བཏང་བའི་སྲིད་ཇུས་ཁག་ལས་ལྡོག་སྟེ། ཨ་རིའི་དབུས་དངུལ་ཁང་གི་གཙོ་འཛིན་ཟུར་པ་འཇཱེ་ནེ་ཊི་ཡེ་ལཱན་ཨ་རིའི་ནོར་སྲིད་དྲུང་ཆེར་འདེམས་སྒྲུག་བྱ་རྒྱུ། ཨབ་རིལ་ཧེན་སི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་ལ་འདེམས་སྒྲུག་བྱ་རྒྱུ། ལིན་ཌ་ཐོ་མ་སི་གྷེ་རེན་ཧྥིལ་ཌེ་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ལ་བསྐོ་བཞག་བྱ་རྒྱུ་བཅས་ས་མིག་གསུམ་ལ་ཉམས་མྱོང་ཅན་དང་འཇོན་ཐང་ལྡན་པའི་བུད་མེད་གསུམ་གདམ་རྒྱུ། སྔ་ཉིན་དེར་ཇཱོ་བྷ་ཌན་གྱིས་ལོ་༢༠་ལྷག་གི་ཕྱི་འབྲེལ་གྱི་ཉམས་མྱོང་ཅན་ཨན་ཐོ་ཎི་བྷ་ལིན་ཁེན་ཕྱི་སྲིད་དྲུང་ཆེར་འདེམས་སྒྲུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་ཇཱོན་ཁེ་རི་མ་འོངས་པའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ལས་དོན་གྱི་དམིགས་བསལ་སྐུ་ཚབ་ལ་བསྐོ་བཞག་བྱུང་སྟེ་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཕྱི་སྲིད་དང་ནང་སྲིད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་ཡུན་རིང་གི་ཉམས་མྱོང་ཅན་དང་ཆེད་ལས་མཁས་པ་རྣམས་བསྐོ་བཞག་བྱས་ནས་ཨ་མི་རི་ཀ་སླར་ཡང་སྲོལ་རྒྱུན་གྱི་ལམ་སྲོལ་དེར་བསྐྱོད་རྒྱུའི་རྣམ་པ་ཞིག་བསྟན་འདུག

ཇཱོ་བྷ་ཌན་གྱིས་རང་གི་བློན་ཆེན་ལྷན་ཁང་ས་མིག་ཁག་ལ་མི་རིགས་སྣ་ཚོགས་དང་ཕོ་མོ་གཉིས་ཀ་བསྐོ་བཞག
ཇཱོ་བྷ་ཌན་གྱིས་རང་གི་བློན་ཆེན་ལྷན་ཁང་ས་མིག་ཁག་ལ་མི་རིགས་སྣ་ཚོགས་དང་ཕོ་མོ་གཉིས་ཀ་བསྐོ་བཞག

ཇཱོ་བྷ་ཌན་གྱིས་རང་གི་བློན་ཆེན་ལྷན་ཁང་ས་མིག་ཁག་ལ་མི་རིགས་སྣ་ཚོགས་དང་ཕོ་མོ་གཉིས་ཀ་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་ལྟར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀུ་པ་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་སླེབས་པའི་ཨ་ལ་ཧན་དྷོ་ར་མ་ཡོར་ཁ་སི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེར་འདེམས་སྒྲུག ད་དུང་མཱི་ཤཱེལ་ཧྥུ་ལོར་ནོ་ཡེ་རྒྱལ་སྲུང་དྲུང་ཆེའི་འོས་མིར་འདེམས་སྒྲུབ་བྱ་རྒྱུའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། གལ་སྲིད་མཱི་ཤཱེལ་ཧྥུ་ལོར་ནོ་ཡེ་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱེད་ཚེ། ཨ་མི་རི་ཀའི་ལོ་རྒྱུས་སུ་རྒྱལ་སྲུང་དྲུང་ཆེར་བུད་ཅིག་བསྐོ་བཞག་བྱས་པ་ཐེངས་དང་པོ་དེར་འགྱུར་རྒྱུ་ཡིན་མོད། གང་ལྟར་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་ཟིན་པའི་ལས་སྣེ་དེ་རྣམས་དཀའ་ངལ་དང་ཛ་དྲག་གི་དུས་སྐབས་ལ་གདོང་ལེན་བྱས་མྱོང་ཡོད་པ་ཤ་སྟག་ཡིན་པས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་སྲིད་དབང་རྩིས་ལེན་བྱས་པའི་རྗེས་སུ་ཨ་མི་རི་ཀས་སླར་ཡང་འཛམ་གླིང་ཧྲིལ་པོར་སྣེ་ཁྲིད་བྱ་རྒྱུ། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ནད་ཡམས་དང་འཇིགས་སྐུལ་རིང་ལུགས། དྲྭ་ལམ་གྱི་གཏོར་བཤིག་ལ་འཐབ་རྒོལ། རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུའི་སྲིད་ཇུས་ཤིག་འཛིན་རྒྱུའི་རེ་བ་ཡོད་པར་མ་ཟད། ཕྱི་སྲིད་དྲུང་ཆེ་ཟུར་པ་ཇཱོན་ཁེ་རིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ད་ནས་ཡུན་རིང་མི་འགོར་པར་ཨ་མི་རི་ཀར་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཛ་དྲག་གི་གནད་དོན་ཞིག་ལ་བརྩི་བའི་སྲིད་གཞུང་ཞིག་ཚུགས་རྒྱུ་རེད། ཁོ་བོ་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ལས་དོན་གྱི་དམིགས་བསལ་སྐུ་ཚབ་ལ་བསྐོ་བཞག་བྱས་པར་དགའ་མོས་བྱུང་ཞེས་བཤད། ཇཱོ་བྷ་ཌན་གྱི་འདེམས་སྒྲུག་བྱ་འཆར་ཡོད་པའི་བློན་ཆེན་ལྷན་ཁང་གི་དྲུང་ཆེ་རྣམ་པའི་འོས་མི་དེ་ཚོར་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཀྱང་ངེས་གཏན་མ་བྱས་པར་བཀག་འགོག་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་གཏོང་གི་མེད་པ་རེད།།

ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལོ་ན་༤༣་ལ་སོན་པའི་ཇཱེ་ཁེ་སུ་ལི་ཝྭན་རྒྱལ་ཡོངས་བདེ་འཇགས་སྟོན་པར་འདེམས་སྒྲུག་བྱས་པ་དང་ལོ་ན་༥༨་ལ་སོན་པའི་ཨན་ཐོ་ཎི་བྷ་ལིན་ཁེན་ཕྱི་སྲིད་དྲུང་ཆེར་འདེམས་སྒྲུག ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བྷ་ལིན་ཁེན་ཨ་རིའི་ཕྱི་སྲིད་དྲུང་ཆེར་ངེས་གཏན་བྱེད་ཚེ། ཁོང་གིས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ནང་ཁུལ་དུ་བཅོས་སྒྲིག་ཆེན་པོ་ཞིག་བྱ་དགོས་ཤིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ཕྱི་སྲིད་དྲུང་ཆེ་དང་པོ་རེཀ་ཊི་ལར་སན་དང་ཕྱི་སྲིད་དྲུང་ཆེ་གཉིས་པ་མེཀ་ཕོམ་ཕིའོ་གཉིས་ཀྱི་དུས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་པ་འཇོན་ཐང་ཅན་དང་ཉམས་མྱོང་ཅན་རྣམས་འཕོ་འགྱུར་བཏང་བ་དང་གནས་དབྱུང་བཏང་བ། ཁོ་ཚོ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་ཇུས་ཁག་ལ་ལྟ་བ་མ་མཐུན་པར་རང་གི་ལས་གནས་ནས་དགོངས་པ་ཞུས་ཏེ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་ལ་ལས་བྱེད་པ་འཇོན་ཐང་ཅན་རྣམས་མེད་པའི་དཀའ་ངལ་ཆེན་པོ་ཡོད་པ་སྔོན་ཆ་ལ་སེལ་དགོས། དེ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་ཨ་མི་རི་ཀ་དང་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་ཡར་རྒྱས་གཏོང་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཨ་མི་རི་ཀ་སྔར་བཞིན་ཡིད་རྟོན་རུང་བའི་མཐུན་གྲོགས་དང་ཟླ་གྲོགས་ཤིག་ཡིན་པའི་ཡིད་ཆེས་སླེབས་ཐབས་བྱ་རྒྱུ། འདས་པའི་ལོ་བཞིའི་རིང་ལ་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀའི་མཉམ་དུ་གྲོས་མཐུན་དང་ཆིངས་ཡིག་བཞག་ན་རྩ་འཛིན་བྱ་རྒྱུ་ཡིན་མིན། ཨ་མི་རི་ཀ་ཡིད་ཆེས་བློ་འགེལ་བྱེད་ཆོག་པའི་མཐུན་གྲོགས་ཤིག་ཡིན་མིན་གྱི་དོགས་པ་ཆེན་པོ་སླེབས། སྲིད་འཛིན་ཌོ་ནལ་ཊམ་གྱིས་དགྲ་གཉེན་གོ་ལྡོག་པའི་སྲིད་ཇུས་ཤིག་བཟུང་སྟེ་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ཨ་མི་རི་ཀར་ཡིད་ཆེས་མེད་པར་གྱུར། ཊམ་གྱིས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་འགྲོ་གྲོན་བརྒྱ་ཆ་༣༠་བཅག་ཡོད་པ་རེད།།

ཉེ་ཆར་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་དམངས་གཙོ་ཕྱི་ནུར་རྒྱག་གི་ཡོད་པའི་དུས་སྐབས་ཤིག་ལ་སླེབས་འདུག ད་དུང་དེ་བས་ཀྱང་བློ་ཕམ་དགོས་པ་ཞིག་ལ་ཨ་མི་རི་ཀའི་རྒྱལ་ནང་དུ་དམངས་གཙོའི་ལམ་ལུགས་ལ་རྡོག་བརྫིས་གཏོང་གི་ཡོད་པ་རེད། ཡིན་ནའང་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཇཱོ་བྷན་ཌན་ནི་དགྲ་གཉེན་སུ་ཡིན་ངོ་ཤེས་པའི་མི་ཞིག་ཡིན་པ་ངོས་ཟིན་ཐུབ་རྒྱུ་རེད། ཌོ་ནལ་ཊམ་གྱི་སྲིད་གཞུང་དང་ཇཱོ་བྷ་ཌན་གྱི་སྲིད་གཞུང་ལ་ཁྱད་པར་ཡོད་པ་ཉི་མ་དང་པོ་ནས་མྱོང་ཚོར་ཐུབ་རྒྱུ་རེད་ཅེས་བཤད། དེར་བརྟེན་ཨན་ཐོ་ཎི་བྷ་ལིན་ཁེན་ཕྱི་སྲིད་དྲུང་ཆེར་ངེས་གཏན་བྱུང་ན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཨ་མི་རི་ཀའི་ཕྱི་སྲིད་བརྟན་པོ་ཞིག་འཛིན་རྒྱུའི་སྔོན་བརྡ་བཏང་འདུག དེ་བཞིན་ཁ་སང་ཇཱོ་བྷ་ཌན་གྱིས་ཨ་རིའི་དབུས་དངུལ་ཁང་གི་གཙོ་འཛིན་ཟུར་པ་འཇཱེ་ནེ་ཊི་ཡེ་ལཱེན་ནོར་སྲིད་དྲུང་ཆེར་འདེམས་སྒྲུག་བྱ་རྒྱུ་ཡིན་པའི་གླེང་སློང་བྱུང་ནས་བཟུང་། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་འཛམ་གླིང་གི་མ་རྐང་ཁྲོམ་ར་ཁག་གིས་གནས་ཚུལ་དེར་དགའ་བསུ་ཆེན་པོ་ཞུས། གལ་སྲིད་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བཀག་འགོག་མ་བྱས་ན་འཇཱེ་ནེ་ཊི་ཡེ་ལཱེན་ཨ་མི་རི་ཀའི་བུད་མེད་ནོར་སྲིད་དྲུང་ཆེ་དང་པོ་དེར་འགྱུར་རྒྱུ་ཡིན་འདུག ཇཱོ་བྷ་ཌན་གྱིས་ངས་འདེམས་སྒྲུག་བྱས་པའི་ལས་སྣེ་འདི་ཚོར་ཉམས་མྱོང་དང་འཇོན་ཐང་ཡོད་པ་གཅིག་པུ་མིན། ཁོ་ཚོར་ཨ་མི་རི་ཀའི་གཞུང་དམངས་གཉིས་ལ་སྲི་ཞུ་སྒྲུབ་འདོད་ཀྱི་ལྷག་བསམ་གཡོ་བ་མེད་པ་ཞིག་འདུག ཁོ་ཚོའི་འཇོན་ཐང་དང་ཉམས་མྱོང་ལ་འགྲན་ཟླ་མེད། ངས་འདེམས་སྒྲུག་བྱས་པའི་ལས་སྣེ་དེ་དག་ལ་ཕུགས་རྒྱང་རིང་པོར་བལྟ་ཐུབ་པའི་རྣམ་དཔྱོད་ཀྱང་འདུག་ཅེས་བཤད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མཐོ་རིམ་འཐུས་མི་སྟེ། ཝྭིར་ཇཱི་ཎི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁེ་ཝར་ནར་གྱིས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་འདེམས་སྒྲུག་བྱས་པའི་འོས་མི་དེ་ཡག་པོ་ཞིག་བྱུང་འདུག ཨབ་རིལ་ཧེན་སི་རྣམ་དཔྱོད་ལྡན་པ་དང་འཇོན་ཐང་ཅན། ཁོ་མོར་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་ཏུ་སྲི་ཞུ་བསྒྲུབས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་འདུག ཁོ་མོ་ཨ་མི་རི་ཀའི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱེད་ན་ལས་དོན་ཡག་པོ་འགྲུབ་རྒྱུ་རེད། སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་འདྲི་ཞིབ་ནན་པོ་བྱ་སྲིད། ཡིན་ནའང་ཨ་རིའི་གྲོས་ཚོགས་གོང་མས་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་མྱུར་དུ་ངེས་གཏན་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེར་ཨ་ལ་ཧན་དྷོ་རོ་མ་ཡོར་ཁ་སི་འདེམས་སྒྲུག་བྱས་པར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཧུ་ལི་ཡན་ཁེ་སི་ཊི་རོས་དགའ་བསུ་ཞུས་འདུག ཁོང་གིས་ཕྲུ་གུའི་དུས་ནས་ཕ་མ་ཚོས་ཨ་མི་རི་ཀར་མཉམ་དུ་ཁྲིད་ཡོང་བའི་ན་གཞོན་ས་ཡ་མང་པོའི་མདུན་ལམ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བཀག་ཡོད་པ་དང་། ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་བའི་ཕྱི་མི་གཞིས་ཆགས་པ་རྣམས་མེཀ་སི་ཀོའི་ས་མཚམས་སུ་ཕ་མ་བུ་ཕྲུག་ཁ་བྲལ་བཏང་ནས་ཕྱིར་སློག་དང་བཀག་ཡོད་པའི་དུས་སྐབས་དེ་མཇུག་བསྒྲིལ་ཐུབ་པའི་རེ་བ་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཨ་མི་རི་ཀ་དང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་པ་ཚོས་ཀྱང་ཇཱོ་བྷ་ཌན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཇཱོན་ཁེ་རི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ལས་དོན་གྱི་སྐུ་ཚབ་ལ་བསྐོ་བཞག་བྱས་པར་དགའ་བསུ་ཡོད། ཇཱོ་བྷ་ཌན་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་ཛ་དྲག་ཅིག་ལ་བརྩི་རྒྱུའི་རྟགས་མཚན་རེད་ཅེས་བསྔགས་བརྗོད་བྱས་འདུག

XS
SM
MD
LG