ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་བཙན་འཛུལ་བྱུང་ན་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ།


༄༅།། སྲིད་འཛིན་ཇཱོ་བྷ་ཌན་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་བརྒྱབ་ན་ཨ་མི་རི་ཀའི་དམག་གིས་དམངས་གཙོའི་ལམ་ལུགས་དར་ཡོད་པའི་མཚོ་གླིང་དེར་སྲུང་སྐྱོབ་རྒྱུ་ཡིན་ཞེས་སླར་ཡང་ནན་བརྗོད་བྱས་འདུག གཟའ་ཉི་མའི་དགོང་མོར་ཨ་མི་རི་ཀའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གི་སྐར་མ་༦༠་ཐམ་པའི་ལས་རིམ་རྒྱང་སྲིང་བྱས་པ་དེའི་ནང་དུ་གསར་འགོད་པས་སྲིད་འཛིན་བྷ་ཌན་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ན་ཨ་རིའི་དམག་དཔུང་གི་སྐྱེས་ཕོ་མོ་གཉིས་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ་ཞེས་དྲིས། སྲིད་འཛིན་བྷ་ཌན་གྱིས་ཡིན་ཞེས་ལན་བཏབ་པ་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཕལ་ཆེ་བས་རྒྱ་ནག་གིས་ནམ་ཞིག་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་རྒྱུའི་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། འདི་ནི་སྲིད་འཛིན་བྷ་ཌན་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ཁ་གསལ་མེད་པ་དེ་ལས་བརྒལ་ཏེ་བཀའ་མོལ་གསལ་པོ་གནང་བ་ཐེངས་གསུམ་པ་ཡིན་ཞིང་། ཁ་སྔོན་ཕྱི་ཟླ་༥་པའི་ནང་དུ་སྲིད་འཛིན་བྷ་ཌན་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཏེ་གསར་འགོད་པས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཐད་སྐད་ཆ་དྲིས། སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གིས་དམག་བཏང་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་ཚེ། ཨ་མི་རི་ཀའི་དམག་དཔུང་གི་དེ་ལ་བར་འགོག་བྱ་རྒྱུ་ཡིན་ཞེས་བསྒྲགས། སྐབས་དེར་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་མི་རི་ཀའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་ཅེས་སྲིད་འཛིན་བྷ་ཌན་གྱི་སྐད་ཆ་དེ་གནད་འགག་ཆུང་དུ་གཏོང་ཐབས་སུ་འབད། མདང་དགོང་གཟའ་ཉི་མའི་དགོང་མོར་ཡང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་འཕྲལ་དུ་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་ཕྱིན་མེད། སྲིད་འཛིན་བྷ་ཌན་གྱི་སྐད་ཆ་དེ་ཕྱི་ཟླ་༥་པའི་ནང་གི་སྐད་ཆ་དད་གཅིག་མཚུངས་རེད་ཅེས་བསྐྱར་དུ་གསལ་བཀྲོལ་བྱས་འདུག ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་ཡུན་རིང་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་གསལ་པོར་བཤད་ཀྱི་མེད་པ་དང་སྲིད་འཛིན་བྷ་ཌན་གྱི་སྐད་གཉིས་རྒྱབ་འགལ་རེད། འདས་པའི་ལོ་མང་རིང་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་དང་མིན་གྱི་གསལ་ཁ་གཏད་མེད་པ་རེད་ཅེས་བསྟན།།

སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ལོ་མང་གོང་དུ་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་ལ་བརྩི་སྲུང་བྱ་འདོད་ཡོད། ཨ་མི་རི་ཀས་རྒྱ་ནག་གི་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཐེ་ཝན་རང་བཙན་བྱེད་མིན་ནི་ཐེ་ཝན་པ་ཚོས་ཐག་གཅོད་བྱེད་ཀྱི་རེད། ང་ཚོ་དེའི་ཕྱོགས་སུ་སྐྱོད་ཀྱི་མེད། ང་ཚོས་ཐེ་ཝན་ལ་རང་བཙན་བྱ་དགོས་ཞེས་སྐུལ་ལྕག་གཏོང་གི་མེད། རང་བཙན་བྱེད་མིན་དེ་ཐེ་ཝན་གྱིས་ཐག་གཅོད་བྱ་དགོས་པ་ཞིག་རེད་ཅེས་ལན་བཏབ། རྒྱ་ནག་གཅིག་གི་རྩ་དོན་འོག་ཏུ་ཨ་མི་རི་ཀས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་ལངས་ཕྱོགས་ལ་མོས་མཐུན་བྱེད་ཀྱི་ཡོད་ཀྱང་ཨ་རིའི་གཞུང་ལ་ཁ་ཞེ་གཉིས་མེད་ཀྱིས་མི་འབོར་ས་ཡ་༢༣་ཡོད་པའི་ཐེ་ཝན་མཚོ་གླིང་རྒྱ་ནག་དམར་ཤོག་གི་མངའ་ཁོངས་ཡིན་པར་ངོས་ལེན་བྱེད་འདོད་མེད་ཅིང་། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྗེས་སུ་གྲོས་ཚོགས་ཀྱིས་ཁྲིམས་ཡིག་གཏན་འབབས་བྱས་པ་ལྟར་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་རྒྱུའི་ལས་འགན་བསྒྲུབས་མོད། འོན་ཀྱང་རྒྱ་ནག་གིས་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ན་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ནི་བསམ་བཞིན་གསལ་པོར་མ་བཤད། གཟའ་ཟླ་བའི་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱི་དྲིས་ལན་དེར་ཐེ་ཝན་གཞུང་གིས་དགའ་བསུ་དང་ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཁས་ལེན་བྱས་པ་བྲག་རི་བཞིན་དུ་བརྟན་པོ་རེད། ཐེ་ཝན་གཞུང་གིས་མུ་མཐུད་དུ་ཨ་མི་རི་ཀར་གང་ཅིའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཟླ་བ་འདིའི་མགོ་སྟོད་དུ་ཐེ་ཝན་གྱི་སྲུང་སྐྱོབ་དོན་དུ་ཨ་སྒོར་དུང་ཕྱུར་༡༡་གི་འཕུར་མདེལ་བཙོང་རྒྱུའི་ཐག་བཅད། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སྐབས་ནས་ཐེ་པེ་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཤུགས་ཆེ་རུ་བཏང་བ་དང་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཀྱང་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་སྲིད་འཛིན་བྷ་ཌན་གྱི་སྐད་ཆ་དེར་སྐྱོན་བརྗོད་དང་རྒྱ་ནག་གིས་ཞི་བའི་སྒོ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འབད་བརྩོན་བྱེད་འདོད་ཡོད། ཡིན་ནའང་ཁ་བྲལ་གྱི་ལས་འགུལ་ཁག་ལ་རྒྱ་ནག་གིས་ནམ་ཡང་བཟོད་སྒོམ་བྱ་ཐབས་བྲལ། ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་གཟབ་ནན་དང་ཚུལ་མཐུན་ཞིག་ཡིན་དགོས། སྲིད་འཛིན་བྷ་ཌན་གྱིས་ཨ་རྒྱའི་འབྲེལ་བ་སྡུག་ཏུ་མི་གཏོང་བ་དང་ཐེ་ཝན་མཚོ་འགག་ལ་འཁྲུག་རྩོད་མི་སློང་བའི་རེ་བ་ཡོད། འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད། ཐེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན། ཨ་མི་རི་ཀས་ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཚོར་གོ་བརྡ་ལོག་པ་མ་བཏང་ན་ལེགས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་ཝན་ནི་རྒྱ་ནག་ནས་རྒྱང་ཁད་དབྱིན་ལེ་༡༡༠་ཡས་མས་ཤིག་གི་མཚམས་སུ་ཆགས་ཡོད་ཅིང་། ༡༩༤༩་ནས་རྒྱ་ནག་དང་ཐེ་ཝན་གཉིས་ཆབ་སྲིད་ལམ་ལུགས་མ་འདྲ་བ་གཉིས་ཀྱིས་བསྐྱངས། པེ་ཅིང་གི་དམར་ཤོག་དབང་འཛིན་པ་ཚོས་ཉི་མ་གཅིག་ལའང་ཐེ་ཝན་ལ་དབང་བསྒྱུར་བྱས་མྱོང་མེད་ཀྱང་རྒྱ་ནག་ལ་མངའ་ཁུལ་དེའི་བདག་དབང་ཡོད་ཅེས་འཐབ་རྩོད་བྱ་རྒྱུ་མཚམས་མ་བཞག རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ལྡོག་ཐབས་མེད། རྒྱ་ནག་གིས་དམག་རྒྱག་དགོས་ཐུག་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་ངེས་ཡིན་ཞེས་སྡིགས་ར་བསྐུལ། ད་ལྟ་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ལོ་བཅུ་ཕྲག་མང་པོར་བྱུང་མྱོང་མེད་པའི་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་རྟག་ཏུ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུའི་དམག་སྦྱོང་། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་བཟུང་། རྒྱ་ནག་གིས་ཉིན་འགའ་རིང་ཐེ་ཝན་མཐའ་སྐོར་ནས་དམག་སྦྱོང་ཚུགས།།

གཟའ་ཉི་མའི་དགོང་མོར་སྲིད་འཛིན་བྷ་ཌན་གྱིས་སྐར་མ་༦༠་པའི་བརྙན་འཕྲིན་ལས་རིམ་ནང་དུ་སྐད་ཆ་བཤད་ཕྱོགས་དེར་ཉམས་ཞིབ་པ་ཚོས་སླར་ཡང་དོགས་གཅོད་དམ། ཡང་ན་ཨ་མི་རི་ཀས་ཐེ་ཝན་ལ་སྲིད་འཛིན་པའི་སྲིད་ཇུས་དེར་འགྱུར་བ་ཕྱིན་པ་མིན་ནམ་ཞེས་གླེང་སློང་བྱེད་མགོ་བརྩམས། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་ལི་ཀོན་ཡུ་སློབ་གླིང་གི་སྤྱི་དམངས་སྲིད་ཇུས་ཉམས་ཞིབ་པ་ཌི་རེའུ་ཐོམ་སན་གྱིས་བཤད་པ་ལྟར་ན། ང་ཚོས་རྟག་ཏུ་ཨ་རིའི་སྲིད་འཛིན་གྱི་སྐད་ཆ་དེ་ཚོར་གོ་བ་ལེན་རྒྱུ་ཐལ་དྲགས་ཀྱི་འདུག བྷ་ཌན་གྱིས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ལ་བལྟས་ན་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གང་ཡང་ཕྱིན་མི་འདུག ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར་བ་ནི་དམག་དཔུང་གཏོང་རྒྱུ་ཁོ་ནར་གོ་དགོས་པའི་ངེས་པ་ཡོད་རྒྱུ་མ་རེད། རྒྱ་ནག་གི་བཙན་འཛུལ་བྱུང་ན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་སྲིད་འཛིན་བྷ་ཌན་ལ་གདམ་ཀ་སྣ་མང་ཡོད་པའི་འཐབ་ཇུས་ཤིག་འབུལ་ཤས་ཆེ། དེའི་གྲས་སུ་ཐེ་ཝན་གྱི་ས་ཐོག་ཏུ་ཨ་རིའི་དམག་དཔུང་གཏོང་དགོས་མིན། ཨ་རིའི་མཚོ་དམག་དང་གནམ་དམག་གིས་མཚོ་འགྲམ་དུ་ལས་འགན་བསྒྲུབ་དགོས་མིན། ཨ་མི་རི་ཀས་རྒྱ་ནག་གི་དྲྭ་ལམ་བརྡ་འཕྲིན་མ་ལག་སོགས་ལ་གཏོར་བརླག་བྱས་ནས་བཙན་འཛུལ་དེར་བར་ཆད་བྱ་དགོས་མིན། དེ་མིན་ན་ཨ་མི་རི་ཀས་ཐེ་ཝན་མཚོ་འགག་ལ་དམག་གི་དཔུང་སྟོབས་བཀོལ་ནས་རྒྱ་ནག་གི་བཙན་འཛུལ་འགོག་སྲིད་པའི་འཐབ་ཇུས་སོགས་གདམ་ཇ་སྣ་མང་ཞིག་ཡོད་ཆོག་གི་རེད་ཅེས་བཀྲལ།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཞིས་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཛི་བྷེ་ཀི་སི་ཐན་དུ་ཐུག་འཕྲད་བྱས་པའི་སྐབས་སུ་ཐེ་ཝན་གྱི་གནད་དོན་གླེང་། ཕུ་ཊིན་གྱིས་ཐེ་ཝན་ནི་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བཤད། ཞིས་ཅིན་ཕིང་གིས་ཨུ་རུ་སུས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་རྗེས་སུ་ཡི་རང་ཡོད་ཅེས་ལན་གླན། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་སོང་། ཉམས་ཞིབ་པ་མང་དག་ཅིག་གིས་ཨ་རི་དང་ཡུ་རོབ་ཀྱིས་ཨུ་རུ་སུར་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་མིན་དེར་རྒྱ་ནག་གིས་བལྟ་ངེས་རེད་ཅེས་བསྡོམས་བརྒྱབ། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ཀྱང་རྒྱ་ནག་གིས་ཐེ་ཝན་ལེན་ཐུབ་པའི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་གི་འདུག་ཅེས་སྙན་ཐོ་བཏོན། གཟའ་འཁོར་སྔོན་མར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཌེ་ཝི་ཌི་ཀོ་ཧན་གྱིས་བཤད་པ་ལྟར་ན། ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་བྱས་མེད་པ་དང་དམག་འཁྲུག་རྒྱག་མ་དགོས་པར་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འདོད་པ་འཛིན་གི་འདུག ཡིན་ནའང་རྒྱ་ནག་གིས་༢༠༢༧་གྱི་མཚམས་སུ་ཐེ་ཝན་ལེན་ཐུབ་པའི་དམག་གི་སྟོབས་ཤུགས་ལྡན་པ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་འདུག ང་ཚོས་རྒྱ་ནག་ལ་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞིབ་འཇུག་བྱས་ནས་ཨུ་རུ་སུས་དམག་འཁྲུག་ཇི་ལྟར་བརྒྱབ་པ་དང་ཡུཀ་རེན་གྱིས་འགོག་རྒོལ་ཇི་ལྟར་བྱེད་ཀྱི་ཡོད་མེད། རྒྱ་ནག་གིས་ཐེ་ཝན་ལ་དངོས་སུ་བཙན་འཛུལ་བྱེད་ན་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་བཅས་ལ་བསམ་ཞིབ་ནན་པོ་བྱེད་ཀྱི་འདུག་ཅེས་བཤད་འདུག

XS
SM
MD
LG