ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་ནག་གི་ཕུགས་འདུན་ཞེས་པ་དང་རྒྱ་ནག་གི་མདུན་ལམ།


ཉེ་བའི་ལོ་འགའ་ཤས་རིང་། རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་དེ་བཞིན་རྒྱ་ནག་གི་མི་དམངས་ཚོས་རྟག་པར་ཐོས་པའི་ཚིག་ཅིག་ཆགས་ཡོད་ཅིང་། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་ནམ་རྒྱུན་ཁ་ནས་བཤད་བཞིན་པའི་ཚིག་ཅིག་ཡིན་མོད། འོན་ཏེ་དོན་དམ་ལ་རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་དེའི་ནང་དོན་ངོ་མ་དེ་ཅི་ཞིག་ཡིན་ནམ། རྒྱ་ནག་གི་ཕུགས་འདུན་དང་རྒྱ་ནག་དམངས་ཚོགས། དེ་བཞིན་རྒྱ་ནག་གི་མདུན་ལམ་དབར་ལ་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན། སྤྱི་ལོ་༢༠༡༢ ལོའི་ཟླ་༡༡ པའི་ཚེས་༢༩ ཉིན་ཞི་ཅིང་ཕིང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཆགས་ནས་ཟླ་བ་གཅིག་ཙམ་ལས་ཕྱིན་མེད་པའི་སྐབས་དེར། ཞི་ཅིང་ཕིང་གིས་ཐོག་མར་རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་དེ་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད། ཁོས་མི་ཚང་མས་རྒྱ་ནག་གི་ཕུགས་འདུན་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད་རེད་དེ། ཁོས་བསམ་ན་དོན་དམ་ལ་རྒྱ་ནག་གི་ཕུགས་འདུན་རླབས་ཆེ་ཤོས་ནི། རྒྱ་ནག་མི་རིགས་ཀྱི་རླབས་ཆེན་བསྐྱར་གསོ་ཡོང་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་བརྗོད་ཡོད། གཞན་ཡང་སྐབས་དེར་ཞི་ཅིང་ཕིང་གིས་རྒྱ་ནག་གི་ཕུགས་འདུན་མངོན་འགྱུར་ཡོང་བར་རིམ་པ་གཉིས་ཀྱི་འཆར་གཞི་གཏིང་ཡོད་པ་དང་། གཅིག་ནི་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ནས་མི་ལོ་བརྒྱ་འཁོར་བའི་སྐབས་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཡོང་བའི་དམིགས་ཡུལ་དང་པོ་དེ་༢༠༢༡ལོར་ལེགས་གྲུབ་ཡོང་ཚར་བའི་གསལ་བསྒྲགས་བྱས་ཡོད། དམིགས་ཡུལ་གཞན་པ་ཞིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་བརྒྱ་འཁོར་བའི་དུས་ཏེ་སྤྱི་ལོ་༢༠༤༩ལོར་རྒྱ་ནག་མི་རིགས་ཀྱི་རླབས་ཆེན་བསྐྱར་གསོ་ཡོང་བ་མངོན་འགྱུར་བྱ་རྒྱུ་དེ་རེད་འདུག

རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་གང་ཡིན་ནམ།

རྒྱ་ནག་གི་ཕུགས་འདུན་གྱི་མཐར་ཐུག་གི་དམིགས་ཡུལ་དེ་ནི་རྒྱ་ནག་མི་རིགས་ཀྱི་རླབས་ཆེན་བསྐྱར་གསོ་ཡོང་ཐུབ་པ་བྱ་རྒྱུའམ། རྒྱ་ནག་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཟི་བརྗིད་དེ་དག་བསྐྱར་གསོ་ཡོང་ཐུབ་པ་བྱ་རྒྱུ་དེ་རེད། རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་མི་དམངས་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ཅིང་། སྔར་ཆིང་དང་ཧན་རྒྱལ་རབས་སྐབས་ནས་མངའ་ཁོངས་རྒྱ་ཆེ་ཞིང་དཔལ་འབྱོར་དང་འཕྲུལ་རིག་སོགས་ཀྱི་ཆུ་ཚད་འཛམ་གླིང་གི་རྩེ་གྲས་ཡིན་པ་སོགས་རྫོགས་ལྡན་གྱི་དུས་སྐབས་ཤིག་ལ་སླེབས་ཡོད་པ་འགྲེལ་བརྗོད་ཀྱིས་རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་དོན་དམ་ལ་དེ་སྔར་རྫོགས་ལྡན་སྐབས་ཀྱི་སྤྱི་ཚོགས་བསྐྱར་གསོ་ཡོང་དགོས་ཞེས་དྲིལ་བསྒྲགས་སྤེལ་ཡོད།

དེ་ལྟ་ནའང་། རྒྱ་ནག་སྐོར་གྱི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་ཕུགས་འདུན་དེ་གཉིས་བསྐྱར་གསོ་ཡོང་ཁག་པོ་ཡིན་པར་བརྗོད། ནིའུ་ཡོག་སློབ་ཆེན་གྱི་སྲིད་དོན་རིག་པའི་སྐོར་གྱི་དགེ་རྒན་ཆེན་མོ་ཞྭ་མཱིང་གིས་བརྗོད་དོན་ལ། འབྱུང་འགྱུར་ལོ་༣༠ ནས་༥༠ ཡི་བར་ལ་རྒྱ་ནག་གིས་མངའ་ཁོངས་རྒྱ་བསྐྱེད་བཏང་མི་ཐུབ་པར་མ་ཟད། ཐ་ན་ད་ཡོད་མངའ་ཁོངས་ཁག་ཅིག་གཞན་ལག་ལ་ཤོར་རྒྱུའི་ཉེན་ཁ་ཡོད་པ་རེད། ཐེ་ཝན་དེ་བཞིན་ཁྲིམས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཆགས་རྒྱུའི་གོ་སྐབས་ཇེ་ཆེར་འགྲོ་རྒྱུ་རེད། གཞན་ཡང་དཔལ་འབྱོར་གྱི་ཐོག་ནས་ཀྱང་། དེ་སྔར་མིང་དང་ཆིང་རྒྱལ་རབས་སྐབས་སུ་རྒྱ་ནག་གི་དཔལ་འབྱོར་དེ་འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་ལས་སུམ་ཆ་གཅིག་ཙམ་ཟིན་ཡོད་ནའང་། དེང་སང་ཨ་མི་རི་ཀའི་དཔལ་འབྱོར་ནི་འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་ལས་བཅུ་ཆ་གཅིག་ཙམ་ཟིན་ཡོད། རྒྱ་ནག་གི་དཔལ་འབྱོར་དེ་བཞིན་ལོ་རྒྱུས་ཐོག་བྱུང་བ་ནང་བཞིན་སླར་གསོ་ཡོང་རྒྱུ་ཡིན་ཞེས་པ་དེ་ནི་དཔེར་མི་སྲིད་པ་ཞིག་ཡིན་པར་མ་ཟད། ཐ་ན་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་ཚད་ལས་བརྒལ་རྒྱུ་དེ་ཡང་སྟོང་བསམ་རང་རེད་ཅེས་བརྗོད་འདུག ཞྭ་མཱིང་གིས་རྒྱུ་མཚན་ག་རེ་ཡིན་མིན་འགྲེལ་བརྗོད་བྱས་གསལ་ལ། དེང་སང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་མར་ཆགས་ཀྱི་ཡོད་པ་དང་། དོན་དངོས་སུ་དཔལ་འབྱོར་འཕེལ་ཚད་དེའང་ཨ་མི་རི་ཀ་ལས་དལ་མོ་ཆགས་ཡོད། ལྷག་པར་དུ་ཉེ་དུས་འཛམ་གླིང་གི་ཚོང་ཟོག་མཁོ་རྒྱུག་གི་མ་ལག་བསྐྱར་སྒྲིག་བྱས་པ་དང་། རྒྱ་ནག་གི་མ་རྩ་ཕྱིར་ཤོར་བ། དེ་བཞིན་སྒེར་དང་དམངས་གཉེར་གྱི་ཁེ་ལས་ལ་གྱོང་གུན་ཚབས་ཆེན་ཕོག་པ། ས་ཁང་ལས་རིགས་སྦོ་ལུག་པ། ས་ཞིང་གི་ནོར་སྲིད་མར་ཆགས་པ། ས་གནས་དངུལ་ཁང་དག་གི་བུ་ལོན་ཇེ་ཆེར་ཕྱིན་པ། དངུལ་ཁང་གིས་རྒྱ་སྒོར་འཕོར་ཆེན་དཔར་ནས་ཚོང་ཟོག་གི་རིན་གོང་ཤུགས་ཆེ་འཕར་བཅུག་པ། ཨཱ་ལི་པ་པ་དང་ཐེན་སན། ཧ་ཝེ་སོགས་འཕྲུག་རིག་ལག་རྩལ་སྐོར་གྱི་བཟོ་ཚོང་ཁང་ལ་དམ་དྲག་བྱས་ཏེ་ལས་མི་ཉུང་དུ་བཏང་བ། དེ་བཞིན་ངལ་རྩོལ་བ་ཇེ་ཉུང་དུ་ཕྱིན་པ་དང་རྒན་རྒོན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ་སོགས་རྒྱ་ནག་སྤྱི་ཚོགས་ལ་གནད་དོན་གང་མང་ཞིག་འཕྲད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

རྒྱ་ནག་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་དང་ཨ་རིའི་བྷ་རོང་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་ཤུས་ཝེན་ལིས། གཞན་གྱི་གྲུབ་འབྲས་རྐུ་མ་བརྒྱབ་མཁན་ཞིག་དང་། རྒྱུ་འབྲས་ཀྱི་འཕེལ་རིམ་དང་མི་མཐུན་པའི་ཧམ་མཆོངས་བྱེད་སྡོད་མཁན་ཞིག་འཛམ་གླིང་གི་ཨང་དང་པོར་སླེབས་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཀྱི་འགན་འཛིན་ཟུར་པ་ལིའུ་ཆིང་གིས་བརྗོད་ན། རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་མངོན་འགྱུར་ཡོང་དགོས་ན་ཞི་བདེ་བརྟན་བརླིང་ཞིག་ཡིན་སྲིད་ཀྱི་མ་རེད། རྒྱ་ནག་དམག་གི་སྟོབས་ཤུགས་དེ་ཡང་དོན་དམ་ལ་གོ་ལག་དང་དཔུང་དམག་གི་ནུས་སྟོབས་གང་ཅིའི་ཆ་ནས་ཕྱི་རྫིག་ནང་སྟོང་ཞིག་རེད། རྒྱུ་མཚན་ནི་རྒྱ་ནག་གི་དམག་དཔུང་ནང་ལྐོག་ཟ་རུལ་སུངས་ཀྱི་སྤྱོད་ངན་གྱིས་ཁེངས་ཡོད་པ་དང་། དེས་ཨ་མེ་རི་ཁའི་དམག་དང་ཁ་གཏད་རྩ་བ་ནས་གཅག་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག ཡང་དགེ་རྒན་ཆེན་མོ་ཞྭ་མཱིང་གིས། རྒྱ་ནག་གིས་དམག་དཔུང་རྒྱ་བསྐྱེད་བཏང་བ་དེས་གཅིག་སྡུད་ཀྱི་དབང་ཆ་ལ་ཤུགས་སྣོན་བྱས་ཏེ་མཐར་ནཱ་ཛི་དམག་དོན་རྒྱ་བསྐྱེད་རིང་ལུགས་པ་ཆགས་ནས་དམག་འཁྲུག་ལངས་པ་སོགས་གོད་ཆགས་སྣ་ཚོགས་འབྱུང་བཅུག་སྲིད་པ་རེད་ཅེས་བརྗོད་འདུག

རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་དང་རྒྱ་ནག་གི་མི་སེར་དཀྱུས་མ་དབར་གྱི་འབྲེལ་བ།

ཞི་ཅིང་ཕིང་གིས་ད་ལོའི་སྤྱི་ཟླ་༨ པའི་ཚེས་༡༧ ཉིན་ལིའོ་ནིང་ཞིང་ཆེན་ནང་ལྟ་སྐོར་འགྲོ་དུས། འབྱོར་འབྲིང་གི་ཕུགས་འདུན་དང་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕུགས་འདུན། རྒྱ་ནག་གི་ཕུགས་འདུན་བཅས་ནི་མཐར་ཐུག་ནས་བཤད་ན་མི་སེར་དཀྱུས་མ་ཚོའི་བདེ་སྐྱིད་ཀྱི་ཕུགས་འདུན་རེད་ཅེས་བརྗོད་ཡོད། ཡིན་ན་ཡང་སྲིད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་ནི་རྒྱ་ནག་མི་དམངས་ཀྱི་ཕུགས་འདུན་སོགས་གང་ཡང་མ་ཡིན་ཞིང་། དེ་ནི་རྒྱ་ནག་དམར་ཤོག་གི་ཕུགས་འདུན་དང་ཞི་ཅིང་ཕིང་ཁོ་རང་མི་སྒེར་གྱི་ཕུགས་འདུན་ཙམ་རེད། རྒྱ་ནག་མི་རིགས་ཀྱི་རླབས་ཆེ་བསྐྱར་གསོ་ཡོང་བར་བྱ་རྒྱུ་ཟེར་བ་དེ་ཡང་དོན་དམ་ལ་དམར་ཤོག་ཚོགས་པ་ཁོ་རང་ཚོའི་སྒེར་གཅོད་ཀྱི་སྲིད་དབང་སྲ་བརྟན་ཡོང་ཐབས་དང་། དེ་བཞིན་འགོ་ཁྲིད་ཉུང་ཤས་ཤིག་གིས་འཛམ་བུ་གླིང་ཡོངས་ལ་དབང་སྒྱུར་བྱེད་འདོད་ཡོད་པའི་ཧམ་སེམས་ཤིག་རེད། དེ་ནི་མི་རིགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་བེད་སྤྱོད་བཏང་ནས་སྒེར་དོན་སྒྲུབ་བྱེད་ཀྱི་ལག་ཆ་དང་ཁ་གཡང་སྒྲོག་པ་ཙམ་རེད་ཅེས་བརྗོད་འདུག

དགེ་རྒན་ཆེན་མོ་ཞྭ་མཱིང་གིས་བརྗོད་ན། དེང་སང་གི་རྒྱ་ནག་ལ་མཚོན་ན་མཱ་ཁེ་སི་རིང་ལུགས་ཀྱི་རིན་ཐང་ལྟ་གྲུབ་མ་ལག་དང་ཁུང་ཙིའི་བསམ་བློའི་གཙོས་པའི་རིན་ཐང་ལྟ་གྲུབ་ཆ་ཚང་མེད་པ་ཆགས་ཚར་བས། རྒྱ་ནག་དམར་ཤོག་ཚོགས་པས་ད་ལྟ་རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་ཅིག་གསར་བཟོས་བྱས་ནས་མི་ཚོ་ལ་སྟོང་བསམ་དང་འཆར་སྣང་ཞིག་སྟེར་ཐབས་བྱས་པ་རེད། ཨ་མེ་རི་ཁའི་ཕུགས་འདུན་ཞེས་པ་དེ་ནི་ཨ་རི་བ་ཚོའི་ཕུགས་འདུན་ལ་གོ་ཡི་ཡོད་ལ། དེ་དང་རྒྱ་ནག་གི་ཕུགས་འདུན་ཞེས་པ་དང་རྩ་བའི་ཆ་ནས་ཐ་དད་ཡིན་ཞིང་། ཨ་རི་བ་ཚོའི་ཕུགས་འདུན་ནི་ཧ་ཅང་གསལ་པོ་རེད། དེ་ནི་མི་སྒེར་གྱི་རང་དབང་དང་འདྲ་མཉམ། བདེ་སྐྱིད་སྒྲུབ་པའི་ཐོབ་ཐང་དང་། མི་སྒེར་རིང་ལུགས་སམ་གང་ཟག་སྒེར་རེ་རེའི་ཕུགས་འདུན་ཞིག་རེད། རྒྱ་ནག་གི་ཕུགས་འདུན་ཞེས་པ་ནི་དེ་ལས་ལྡོག་སྟེ། བཙན་རྒྱལ་རིང་ལུགས་བསྐྱར་འཛུགས་བྱ་རྒྱུ་དེ་རེད། དེས་མི་སེར་ཚོའི་མི་སྒེར་གྱི་ཕུགས་འདུན་དེ་བཞིན་བཙན་རྒྱལ་རིང་ལུགས་བསྐྱར་གསོ་བྱ་རྒྱུའི་ལས་འཆར་ཆེན་པོ་ཞིག་གི་ནང་དུ་བཅུག་ནས་མི་སེར་ཚོ་ལ་དབང་བསྒྱུར་བྱེད་པའི་ཐབས་ལམ་ཞིག་རེད་ཅེས་བརྗོད་འདུག

ལིའུ་ཆིང་གིས་བརྗོད་དོན་ལ། རྒྱ་ནག་གི་ཕུགས་འདུན་དེ་བཞིན་གཞི་རྐང་ནས་རྒྱ་ནག་གི་མི་སེར་དཀྱུས་མ་ཚོ་དང་འབྲེལ་བ་རྩ་བ་ནས་མེད་པར་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ནས་རྒྱ་ནག་གི་མི་སེར་ཚོའི་མི་སྒེར་གྱི་ཕུགས་འདུན་རྩ་བརླག་གཏོང་བཞིན་པ་རེད། སྤྱིར་བཏང་རྒྱ་ནག་གི་མི་སེར་དཀྱུས་མ་ཚོས་རྒྱལ་ཁབ་ཀྱི་མངའ་ཁོངས་དང་རྒྱལ་སྤྱིའི་ཐོག་གི་གོ་གནས་ལ་དོ་སྣང་སླེབས་ཀྱི་མ་རེད། ཁོ་ཚོ་མང་ཆེ་བས་སོ་སོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་བརྗོད་འདུག

རྒྱ་ནག་གི་ཕུགས་འདུན་ཞེས་པ་དང་རྒྱ་ནག་གི་མདུན་ལམ།

ལིའུ་ཆིང་གིས་བརྗོད་ན། འབྱུང་འགྱུར་ལོ་བཅུ་གྲངས་ཤིག་གི་ནང་ལ་རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་མངོན་འགྱུར་ཡོང་ཁག་པོ་ཡིན་ཞིང་། དེང་སྐབས་རྒྱ་ནག་ནང་མི་དམངས་མི་ཉུང་བ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པ་ལ་རྒྱབ་སྐྱོར་ཡོད་པ་མཐོང་གི་ཡོད་ཀྱང་། དེ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་འདས་པའི་ལོ་འགའ་ཤས་རིང་མི་རྣམས་ཀྱི་དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན་ཡར་རྒྱས་ཏོག་ཙམ་ཕྱིན་ཡོད་པའི་རྐྱེན་གྱི་རེད། ཡིན་ན་ཡང་ཉེ་དུས་རྒྱ་ནག་གི་དཔལ་འབྱོར་མར་ཆགས་ཀྱི་ཡོད་པ་དང་། རྒྱལ་སྒོ་བསྡམས་ནས་སྤྱི་ཚོགས་ཕྱོགས་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་དམར་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་ཉུང་ཆགས་རྒྱུ་གཏན་ཁེལ་རེད་ཅེས་བརྗོད་འདུག

ཤུས་ཝེན་ལིས་མཱ་ཁེ་སིའི་རིང་ལུགས་ཀྱི་གཞུང་ལུགས་ནང་དུ་འབྱོར་མེད་གྲལ་རིམ་ལ་མེས་རྒྱལ་མེད། དེ་བས་རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་ཡང་རྒྱལ་སྤྱིའི་དམར་པོ་རིང་ལུགས་ཀྱི་ཕུགས་འདུན་ཙམ་ལས་རྒྱ་ནག་གི་ཕུགས་འདུན་ཡིན་པ་གཞི་མ་གྲུབ་ཅེས་དང་། འབྱུང་འགྱུར་རྒྱ་ནག་གི་མདུན་ལམ་སྐོར་ལ་ཁོས་མུ་མཐུད་ནས་བརྗོད་དོན། མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་ག་འདྲ་ཞིག་བྱེད་རུང་། འདས་པའི་ལོ་བཅུ་གྲངས་ཤིག་གི་རིང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་འོག་འཚར་ལོངས་བྱས་ཡོད་པའི་རྒྱ་ནག་གི་གཞོན་སྐྱེས་མང་པོ་ཞིག་གིས་ནུབ་ཕྱོགས་ཀྱི་འཚོ་བའི་གོམས་གཤིས་དང་བསམ་བློ་འདུ་ཤེས། རང་དབང་དམངས་གཙོ་སོགས་ཀྱི་རིན་ཐང་ལྟ་གྲུབ་སོགས་རྒྱ་ནག་ཏུ་ནང་འདྲེན་བྱས་ཡོད་པ་དང་། ཐ་ན་རྒྱ་ནག་གི་གློག་བརྙན་སོགས་ཀྱི་ནང་དུའང་རྒྱ་ནག་དམར་ཤོག་ཅེས་པའི་ཚིག་དེ་ཧ་ལམ་བེད་སྤྱོད་བཏང་མེད་ལ། འགའ་ཤས་ཀྱིས་མི་སྒེར་གྱི་རང་དབང་དང་། རང་གི་གནད་དོན་རང་གིས་ཐག་གཅོད་བྱེད་དགོས་པ་སོགས་ཀྱི་ལྟ་བ་བརྒྱུད་སྤེལ་ཤུགས་ཆེ་ཕྱིན་ཡོད་པ་རེད། དེ་བས་རིང་མིན་ཚོགས་འཆར་ཡོད་པའི་རྒྱ་ནག་གི་ཚོགས་ཆེན་ཉི་ཤུའི་ཐོག་ལ་རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་ཡང་ཡང་འདོན་གྱི་རེད་དེ། རྒྱ་ནག་གི་མི་སེར་ཚོས་རྒྱ་ནག་གི་ཕུགས་འདུན་ཞེས་པ་ལས་སོ་སོའི་མིག་སྔར་དང་མ་འོངས་པའི་འཚོ་བའི་སྐོར་ལ་དོ་སྣང་མང་བ་སླེབས་ཀྱི་རེད་ཅེས་བརྗོད་འདུག

XS
SM
MD
LG