ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱི་ཕྱི་སྲིད་ལ་དམངས་གཙོ་ཚོགས་པས་སྐྱོན་བརྗོད།


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་པའི་སྐབས་འདིར་ཕྱི་སྲིད་འཛིན་ཕྱོགས་ཁག་ཅིག་ལ་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། བདུན་ཕྲག་སྔོན་མར་སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་ལ་ཆོག་མཆན་མ་ཞུས་པར་སི་རི་ཡའི་ས་ཐོག་ཏུ་ཨི་རན་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཡུལ་དམག་ཤོག་ཁག་ཅིག་ལ་གཏོར་རྒོལ་བྱས་ཤིང་། ༢༠༡༨་ལོར་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་མོ་ཧ་མེ་ཐེ་བྷིན་སལ་མན་གྱིས་བཀའ་བཏང་སྟེ་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཇཱ་མལ་ཁ་ཤོ་ཇཱི་དམར་གསོད་བྱས་པར་ཉེས་ཆད་མ་བཅད་པ་བཅས་ལ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མོས་མཐུན་མེད་པའི་རྣམ་འགྱུར་བསྟན། དཔེར་ན་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊིམ་ཁེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་སོ་ཌི་ཨ་རེ་བྷི་ཡའི་གཞུང་ལ་གསར་འགོད་པ་ཇཱ་མལ་ཁ་ཤོ་ཇཱི་བསད་པའི་ལན་ཁག་ཡོད་པར་ཉེས་ཆད་གཅོད་དགོས། བྷ་ཌན་གྱི་སྲིད་གཞུང་གིས་སོ་ཌི་ཨ་རེ་བྷི་ཡའི་གཞུང་འབྲེལ་མི་སྣ་ཚོར་ཉེས་ཆད་བཅད་ཀྱང་དེ་དག་གི་གྲས་སུ་ཁྲི་འཛིན་རྒྱལ་སྲས་ཚུད་མེད་པར་དགའ་མོས་གཏན་ནས་བྱུང་མ་སོང་ཞེས་བཤད། འདི་ནི་མ་འོངས་པའི་ལོ་གཉིས་ཀྱི་རིང་ལ་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་འཛིན་བྷ་ཌན་ལ་རྒྱབ་སྐྱོར་ཆ་ཚང་ཞིག་འཐོབ་རྒྱུ་མིན་པའི་རྟགས་མཚན་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཊིམ་ཁན་ནི་༢༠༡༦་ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཡིན་ཞིང་། ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱིས་༢༠༠༡་དང་༢༠༠༢་ལོར་སྲིད་འཛིན་ལ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་སྡེ་དེ་ཚོར་གཏོར་རྒོལ་བྱེད་ཆོག་ཅེས་དབང་ཆ་སྤྲད་ཡོད་པ་ཕྱིར་བསྡུ་བྱ་དགོས། ༢༠༠༡་དང་༢༠༠༢་ལོའི་དམག་འཁྲུག་གི་ཆོག་མཆན་བཅའ་ཁྲིམས་ལག་ལེན་བསྟར་ནས་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་སྲིད་འཛིན་ཚོས་ཕྱིའི་རྒྱལ་ཁབ་ཀྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཁག་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མ་རེད། སྲིད་འཛིན་བྷ་ཌན་གྱིས་སི་རི་ཡའི་ཡུལ་དམག་ཤོག་ཁག་ཅིག་དེར་གཏོར་རྒོལ་བྱས་པར་ཨི་རན་གྱིས་རྒོལ་ལན་སློག་ན་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཆེ། དམག་འཁྲུག་རྒྱག་ཆོག་མིན་གྱི་ཐག་གཅོད་བྱེད་མཁན་ནི་གྲོས་ཚོགས་རེད། ང་ཚོས་སྲིད་འཛིན་ལ་དབང་ཚད་ཡོད་ཤག་བརྩིས་ན་མི་འགྲིག་པ་དང་བྷ་ཌན་གྱི་སྲིད་གཞུང་གིས་སི་རི་ཡའི་ཡུལ་དམག་ཤོག་ཁག་དེར་གཏོར་རྒོལ་བྱས་པའི་རྒྱུ་མཚན་རྣམས་གྲོས་ཚོགས་ལ་སྦྱངས་བཤད་བྱ་དགོས་ཀྱི་རེད། བྷ་ཌན་གྱི་སྲིད་གཞུང་གིས་གྲོས་ཚོགས་ལ་ཆོག་མཆན་མ་ཞུས་པར་གཏོར་རྒོལ་བྱས་ན་དགེ་སྐྱོན་ཅི་ཡོད་ཡོངས་གྲོགས་སུ་བགྲོ་གླེང་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཨོ་རི་གྷན་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རོན་ཝེ་ཌན་གྱིས་ཀྱང་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་ལ་གསར་འགོད་པ་ཁ་ཤོ་ཇཱི་དམར་གསོད་བྱས་པའི་ལན་ཁག་ཡོད་པ་རེད། གལ་སྲིད་ཁོ་པར་ཉེས་ཆད་མ་བཅད་ན་མ་འོངས་པར་གསར་འགོད་པ་གཞན་ལའང་གཅིག་མཚུངས་ཤིག་འབྱུང་རྒྱུ་རེད། གསར་འགོད་པ་ཁ་ཤོ་ཇཱི་དམར་གསོད་བྱས་པའི་གནས་ཚུལ་ལ་འབྲེལ་བ་ཡོད་པའི་ཡིག་ཆ་རྣམས་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱ་དགོས་ཞེས་བཤད།།

ཇཱོ་བྷ་ཌན་ནི་ལོ་བཅུ་ཕྲག་མང་པོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྱས་མྱོང་ཡོད་པ་དང་གྲོས་ཚོགས་ལ་བརྩི་འཇོག་བྱེད་དགོས་པ་ཤེས་གསལ་རེད། གྲོས་ཚོགས་ལ་རྒྱལ་ཁབ་ཀྱི་ཕྱི་སྲིད་ཐོག་ཏུ་ཐེ་གཏོགས་བྱེད་ཆོག་པའི་དབང་ཚད་ཡོད་པ། ཁོང་གིས་འོས་འདེམས་ལས་འགུལ་སྐབས་སུ་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ། ཁོང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་གྲོས་ཚོགས་ལ་བརྩི་མེད་བཏང་བ་དང་ཁྲིམས་འགལ་བྱས་སོང་སྐྱོན་བརྗོད་བྱས་པ་རེད། ད་ལྟ་ཇཱོ་བྷ་ཌན་གྱིས་འོས་འདེམས་ལས་འགུལ་སྐབས་སུ་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་ལ་ཉེས་ཆད་གཅོད་རྒྱུའི་ཁས་ལེན་བྱས་པ་དང་ཁྲིམས་ལ་བརྩི་འཇོག་བྱ་རྒྱུ། གྲོས་ཚོགས་ལ་གྲོས་སྡུར་བྱས་ནས་ཕྱི་སྲིད་འཛིན་རྒྱུའི་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་དགོས་ཞེས་དྲན་སྐུལ་བྱས་འདུག དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་བྷ་ཌན་གྱི་སྲིད་གཞུང་གིས་གསང་བའི་ལས་ཁུངས་ཀྱི་སྙན་ཐོ་ཁག་ཅིག་ཕྱིར་བསྒྲགས་བྱས་ནས་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་གསར་འགོད་པ་ཁ་ཤོ་ཇཱི་དམར་གསོད་བྱས་པར་འབྲེལ་བ་འདུག་ཅེས་ནག་ཉེས་བཙུགས་པ་རེད། ཡིན་ནའང་རྒྱལ་སྲས་མོ་ཧ་མེ་ཐེ་བྷིན་སལ་མན་ལ་ཉེས་ཆད་གཅོད་ཀྱི་མེད་པ་ནི་ནང་འགལ་ཆེན་པོ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་ཡག་པོ་ཞིག་མ་བཏང་ཚེ། ཨ་མི་རི་ཀས་དེའི་བར་དུ་སོ་ཌི་ཨ་རེ་བྷི་ཡར་འབྲེལ་བ་གཅོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོར་སྙན་ཞུ་ཕུལ་ནས་ཨི་རན་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སི་རི་ཡའི་ཡུལ་དམག་ཤོག་ཁག་དེས་ཨི་རཀ་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་ལ་ཚུར་རྒོལ་བྱས་སོང་། དེར་བརྟེན་བྷ་ཌན་གྱི་སྲིད་གཞུང་གིས་སི་རི་ཡའི་ཡུལ་དམག་ཤོག་ཁག་དེར་རྒོལ་ལན་སློག་དགོས་པའི་བཀའ་བཏང་བ་ཡིན།། ཨ་རིའི་གཏོར་རྒོལ་དེ་རང་སྲུང་གི་ཆེད་དུ་ཡིན་པ་ལས་ཕར་རྒོལ་བྱས་པ་ཞིག་མིན། གཟའ་འཁོར་འདིར་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གི་ལས་སྣེ་ཚོས་གྲོས་ཚོགས་གོང་མའི་འཐུས་མི་ཚོར་སི་རི་ཡའི་ཡུལ་དམག་ཤོག་ཁག་དེར་རྒོལ་ལན་མ་སློག་ན་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་ཅི་ཙམ་ཡོད་མེད། བྷ་ཌན་གྱི་སྲིད་གཞུང་ལ་རྒོལ་ལན་སློག་ཆོག་པའི་ཁྲིམས་ལུགས་ཀྱི་གཞི་རྩ་འཛིན་ས་ཡོད་པ་རྣམས་སྦྱངས་བཤད་བྱ་འཆར་ཡོད་ཅེས་བཀོད། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཀྱང་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་ལ་ཐད་ཀར་ཉེས་ཆད་མ་བཅད་པར་རྒྱུ་མཚན་ཡོད། སོ་ཌི་ཨ་རེ་བྷི་ཡ་ནི་དཀྱིལ་ཤར་ས་ཁུལ་གྱི་ཨ་རིའི་མཐུན་གྲོགས་གཙོ་བོ་ཞིག་རེད། རྒྱལ་ཁབ་གཅིག་གི་འགོ་ཁྲིད་ལ་ཨ་མི་རི་ཀས་ཉེས་ཆད་བཀལ་ན་དེ་ལ་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན་ས་རེད་ཅེས་བཀྲལ། ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ཌམ་ཤེབ་ཀྱིས་ཀྱང་བདུན་ཕྲག་སྔོན་མར་བྷ་ཌན་གྱིས་སི་རི་ཡའི་ཡུལ་དམག་ཤོག་ཁག་ཅིག་ལ་གཏོར་རྒོལ་བྱེད་དུ་བཅུག་པ་ཁྲིམས་མཐུན་ཡིན་མིན་དོགས་སློང་བྱས་འདུག པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་བྷོབ་ཁེ་སིས་འདས་པའི་ལོ་བཅུའི་རིང་ལ་སྲིད་དོན་ཚོགས་པ་གཉིས་ཀར་དམག་འཁྲུག་གི་དབང་ཚད་སྤྲད་པའི་ལན་ཁག་ཡོད། ང་ཚོས་འདི་ལ་གཞི་རྩའི་ཆ་ནས་བགྲོ་གླེང་ལྷུག་པོ་ཞིག་བྱ་དགོས་ཀྱང་བྱས་ཐུབ་མེད་པ་རེད་ཅེས་བཤད།།

ད་ལྟ་སྲིད་འཛིན་བྷ་ཌན་གྱི་ཕྱི་སྲིད་འཛིན་ཕྱོགས་ལ་སྐྱོན་བརྗོད་བྱེད་མཁན་གྲས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་རྣམས་ཡོད་པར་མ་ཟད། ཁོ་ཚོས་ཨ་རིའི་སྲིད་འཛིན་གྱི་དབང་ཚད་ཆེ་དྲགས་ཀྱི་འདུག འཇོར་ཇཱི་བྷུ་ཤི་དང་ཌོ་ནལ་ཊམ་གྱི་དུས་སུ་གྲོས་ཚོགས་ལ་ཆོག་མཆན་མ་ཞུས་པར་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་གཏོར་རྒོལ་བྱས་པ་དང་གྲོས་ཚོགས་ཀྱི་དབང་ཚད་ལ་བརྩི་མེད་བཏང་སོང་། ཇཱོ་བྷ་ཌན་གྱི་དུས་སུ་སྲིད་འཛིན་གྱི་དབང་ཚད་ལ་བཅོས་སྒྱུར་གཏོང་བའི་གོ་སྐབས་ཡག་པོ་ཞིག་རེད་ཅེས་དགོས་འདུན་བཏོན། ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་བྷ་བྷུ་ར་ལི་ནི་སྲིད་འཛིན་བྷ་ཌན་གྱིས་སི་རི་ཡའི་ཡུལ་དམག་ཤོག་ཁག་དེར་གཏོར་རྒོལ་བྱས་པར་ངོ་རྒོལ་བྱེད་མཁན་དང་པོའི་གྲས་སུ་ཡོད་ཅིང་། ཁོང་གིས་༢༠༠༡་ལོར་འཇིགས་སྐུལ་རིང་ལུགས་ལ་གཏོར་རྒོལ་བྱ་དགོས་པའི་བཅའ་ཁྲིམས་ལའང་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས། ཁོ་མོས་སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོར་ནང་མོལ་སྙན་ཞུ་ཕུལ་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་གྲོས་ཚོགས་ཀྱི་བློ་འཚབ་ཁག་ལ་སྲིད་འཛིན་བྷ་ཌན་གྱིས་མཉན་དགོས་པ་དང་གཏོར་རྒོལ་དེར་འགྲེལ་བཤད་རྒྱག་དགོས་ངེས་རེད། ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་ལ་གཏོར་རྒོལ་བྱེད་ཆོག་པའི་དབང་ཚད་སྤྲད་ཡོད་པ་ཕྱིར་བསྡུ་བྱ་དགོས་ཞེས་གླེང་སློང་བྱས་འདུག ཐ་ན་ཇཱོ་བྷ་ཌན་གྱི་རྒྱབ་སྐྱོར་བ་དང་མཐུན་གྲོགས་གཙོ་བོ་སྟེ། ཌ་ལ་ཝལ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཁེ་རི་སི་ཁུན་གྱིས་ཀྱང་སྲིད་འཛིན་ལ་གཏོར་རྒོལ་བྱེད་ཆོག་པའི་དབང་ཚད་སྤྲད་ཡོད་པར་ཨ་རིའི་གྲོས་ཚོགས་ཀྱིས་བསྐྱར་ཞིབ་བྱ་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG