ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷ་ཌན་དང་ཨེ་ཤི་ཡའི་མཐུན་གྲོགས་འགོ་ཁྲིད་ཚོའི་བཀའ་མོལ། 


༄༅།། ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་རྒྱལ་ཁབ་བཅས་ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་གཙོ་བོ་གསུམ་གྱི་འགོ་ཁྲིད་ཚོས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་ཁ་པར་བཏང་སྟེ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་སླར་ཡང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཇཱོ་བྷ་ཌན་གྱི་སྲིད་གཞུང་ལ་མཉམ་འབྲེལ་བྱས་ནས་ཨ་མི་རི་ཀར་འབྲེལ་བ་ཇེ་ཟབ་ཏུ་གཏོང་འཆར་ཡོད་ཅེས་བཤད། ཇཱོ་བྷ་ཌན་གྱིས་ཀྱང་ཨ་མི་རི་ཀ་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁག་གི་མཛའ་འབྲེལ་རྒྱུན་འཁྱོངས་ལ་འགྱུར་བ་མེད་པའི་ཁག་ཐེག་བྱས་འདུག ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་བཀའ་མོལ་གནང་བའི་སྐབས་སུ་ས་གནས་དང་རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས། སྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོང་སྟེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པར་གདོང་ལེན་བྱེད་ཕྱོགས་སོགས་གནད་དོན་མང་དག་ཅིག་ལ་མཉམ་འབྲེལ་བྱ་དགོས་པའི་གྲོས་མོལ་ལྷུག་པོ་བྱས་འདུག

ཉི་ཧོང་གི་སྲིད་བློན་སཱུ་གྷ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན། ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མཱོ་རི་སན་གསུམ་ནི་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་རྗེས་སུ་ཇཱོ་བྷ་ཌན་ལ་རྒྱལ་ཁ་ཐོབ་སྟེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་མཁན་འཛམ་གླིང་ཤར་ཕྱོགས་ཀྱི་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་གསུམ་གྱི་འགོ་ཁྲིད་རྣམས་ཡིན་པར་མ་ཟད། ཨེ་ཤི་ཡ་དང་འཛམ་གླིང་ཡོངས་སུ་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར། ཚོང་ལས་ཀྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་དང་ཌོ་ནལ་ཊམ་གྱིས་ལོ་བཞི་ལ་སྲིད་དབང་བཟུང་བའི་རིང་དེར་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ངེས་གཏན་མེད་པ་ཞིག་ཏུ་གྱུར་པ། རྒྱལ་སྲུང་དང་ཚོང་ལས། ཁོར་ཡུག་སྲུང་སྐྱོབ་ཐོག་ཏུ་སྲིད་འཛིན་ཊམ་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་འགལ་ཟླ་བྱུང་བ། ལྷག་པར་དུ་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་དེ་ཚོས་རྒྱ་ནག་གི་བཙན་དྲག་མྱོང་བཞིན་པའི་དུས་འདིར་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ཁོང་གིས་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་དེར་འགྱུར་བ་མེད། ཨ་མི་རི་ཀ་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་བཀའ་མོལ་གནང་བར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་བློ་བདེ་བག་ཕེབས་སུ་གྱུར། འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་ལས་ཁུངས་ནས་ཕྱོགས་ཁག་ཚང་མར་འབྲེལ་བ་སྲ་བརྟན་གཏོང་དགོས་པ་དང་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་མཉམ་འབྲེལ། འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པ་འགོག་ཐབས་བྱ་དགོས་པ་བཅས་ལ་སེམས་ཐག་གཙང་བཅད་དང་བློ་ཁ་གཅིག་མཐུན་རེད་ཅེས་བསྒྲགས།།

ཉི་ཧོང་གི་སྲིད་བློན་སཱུ་གྷས་གསར་འགོད་པ་ཚོར་ངས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་ཁ་པར་ནང་དུ་བཀའ་མོལ་ཞུ་རྒྱུ་བྱུང་སོང་། ཨ་རི་དང་ཉི་ཧོང་གི་མཛའ་འབྲེལ་རྒྱུན་འཁྱོངས་བྱ་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཡིན། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཉི་ཧོང་དང་ཨ་མི་རི་ཀའི་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་ལྟོས་འཆང་ཡོད། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་རང་དབང་དང་གུ་ཡངས་ཀྱི་མཚོ་ལམ་ཞིག་གསར་གཏོད་བྱ་རྒྱུ་དེ་མངོན་དུ་འགྱུར་བར་མཉམ་འབྲེལ་བྱ་དགོས་པའི་ནན་བརྗོད་བྱས་སོང་ཞེས་བཤད། ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མཱོ་རི་སན་གྱིས་ཇཱོ་བྷ་ཌན་ལ་༢༠༥༠་ཡས་མས་ནས་འཛམ་གླིང་འདིར་བཟོ་གྲྭ་དང་རླངས་འཁོར། གནམ་གྲུ་དང་གློག་ཁང་སོགས་ཀྱི་ནག་རྫས་དུད་རླངས་མེད་པར་གཏོང་རྒྱུ། ཨ་རི་དང་ཨོ་གླིང་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་ཉི་གློག་དང་རླུང་ཤུགས་སོགས་ཀྱི་རང་བྱུང་གི་ནུས་པའི་འབྱུང་ཁུངས་འཚོལ་ཞིབ་བྱ་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཞེས་བཤད། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཀྱང་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་ལ་ཕྱོགས་གཉིས་ཀྱི་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་དེར་འགྱུར་བ་མེད་པ་དང་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་མཉམ་འབྲེལ་བྱ་དགོས། ཨ་རི་དང་ཨོ་གླིང་གཉིས་ཀར་མེ་སྐྱོན་དང་ཆུ་ལོག དྲག་ཆར་རླུང་འཚུབ་སོགས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ནས་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པར་གདོང་ལེན་བྱེད་ཕྱོགས་སུ་སྲིད་བློན་མཱོ་རི་སན་ལ་མཉམ་འབྲེལ་བྱ་འཆར་ཡོད་ཅེས་བཤད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་བཀའ་མོལ་གནང་བའི་སྐབས་སུ་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེར་འགྱུར་བ་མེད། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་དང་འཕེལ་རྒྱས་བཅས་ལ་ལྷོ་ཀོ་རི་ཡ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན་ཞེས་བཤད། སྲིད་འཛིན་མུན་ཅེ་དབྱིན་གྱིས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་མཉམ་འབྲེལ་དམ་ཟབ་དང་མདུན་ཕྱོགས་སུ་བལྟ་དགོས་པའི་སྲིད་ཇུས་ཤིག་འཛིན་དགོས། ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དེར་ཤུགས་སྣོན་རྒྱག་དགོས། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གཙོ་འགན་བཞེས་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་གི་འགྲོ་གྲོན་རྣམས་ལྷོ་ཀོ་རི་ཡས་གཏོང་དགོས་ཞེས་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་གྲོན་གཏོང་ཕྱོགས་ཀྱི་རྩོད་གཞི་ཡོད་པ་རྣམས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་མྱུར་དུ་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུས། ཇཱོ་བྷ་ཌན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་དགོས་པའི་སྲིད་ཇུས་རྩ་འཛིན་བྱེད་བཞིན་ཡོད། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་མེད་པར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་མེད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་བྱས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད།།

ཉི་ཧོང་སྲིད་བློན་སཱུ་གྷ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན། ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མཱོ་རི་སན་རྣམས་ཀྱིས་རང་ཐད་དུ་ཇཱོ་བྷ་ཌན་གྱིས་ལས་ཁུར་བཞེས་པའི་རྗེས་སུ་ཆེས་མཐོའི་ལྷན་འཛོམས་གྲོས་མོལ་གནང་རྒྱུའི་གྲོས་མཐུན་བྱུང་འདུག བྷ་ཌན་གྱི་དུས་སུ་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་འགལ་ཟླ་ཡོད་པ་རྣམས་སེལ་ཐབས་བྱ་དགོས་ཤིང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་འབྲེལ་བ་བཟང་པོ་མེད་པའི་སྟབས་ཀྱིས་རྒྱ་ནག་ལ་ཁ་གཏད་ནན་པོ་ཞིག་གཅོག་པར་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་གསང་བའི་གནས་ཚུལ་ཆ་ཚང་ཞིག་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་ཅིང་། ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བཀའ་མོལ་མ་གནང་བའི་སྔོན་དེར་ཇཱོ་བྷ་ཌན་དང་ཁེ་ན་ཌའི་སྲིད་བློན། དབྱིན་ཇིའི་སྲིད་བློན་དང་འཇར་མན་ཎིའི་སྲིད་བློན། ཧྥ་རན་སིའི་སྲིད་འཛིན་བཅས་ཨ་མི་རི་ཀའི་ཁྱིམ་མཚེས་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བཀའ་མོལ་གནང་འདུག ཁ་སང་གཟའ་ལྷག་པའི་ཕྱི་དྲོར་ཇཱོ་བྷ་ཌན་གྱིས་རོན་ཁེ་ལཱེན་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ལ་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་མིང་བཏོན། བྷ་ཌན་གྱི་ཡུན་རིང་གི་བློས་ཐུབ་ལས་བྱེད་པ་ཨན་ཐོ་ཎི་བྷ་ལིན་ཁེན་ཕྱི་སྲིད་དྲུང་ཆེའམ། ཡང་ན་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པར་བསྐོ་བཞག་བྱ་རྒྱུའི་རྟགས་མཚན་ཐོན། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ། ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱི་ས་མིག་དེ་ཚོར་སུ་སུ་བསྐོ་བཞག་བྱེད་ཀྱི་ཡོད་མེད་ནི་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་དེར་འབྲེལ་བ་དམ་ཟབ་ཆགས་ཡོད་པ་རེད།།

ཇཱོ་བྷ་ཌན་གྱིས་རོན་ཁེ་ལཱེན་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ལ་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་མིང་བཏོན།
ཇཱོ་བྷ་ཌན་གྱིས་རོན་ཁེ་ལཱེན་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ལ་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་མིང་བཏོན།

ད་སྔ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་རྒྱུ་རྐྱེན་སྣ་མང་ཞིག་ལ་བརྟེན་ནས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་མེད་པ་དང་། སྲིད་འཛིན་ཊམ་གྱིས་མངའ་སྡེ་མང་དག་ཅིག་ཏུ་སྲིད་འཛིན་འོས་འདེམས་ལ་གཡོ་ཁྲམ་བྱུང་སོང་ཞེས་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་མི་བྱེད་པ་དང་ཁྲིམས་གཏུགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་རིའི་མངའ་སྡེ་ཁག་གིས་ལོ་འདིའི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་ཡོད་ཅེས་ངེས་གཏན་བྱས་ནས་ཁྲིམས་གཏུག་གིས་ཀྱང་ཁུངས་འཁྱོལ་གྱི་མེད་པ། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཕལ་ཆེ་བས་དངོས་ཤུགས་བརྒྱུད་གསུམ་ནས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཕལ་མོ་ཆེས་ཇཱོ་བྷ་ཌན་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་ངོས་ལེན་བྱས་ནས་ཕྱི་ཟླ་དང་པོའི་ཚེས་༢༠་ནས་ལས་དོན་མཉམ་སྒྲུབ་བྱེད་ཐུབ་པའི་གྲ་སྒྲིག་དང་འབད་བརྩོན་བྱེད་བཞིན་འདུག མདོར་ན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཨེ་ཤི་ཡ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱ་རྒྱུ་དེར་འགྱུར་བ་མེད་ཀྱང་ཌོ་ནལ་ཊམ་ལྟར་རྒྱ་ནག་སོགས་ལ་ཚིག་རྩུབ་དང་ངར་སྐད་བསྒྲགས་ནས་ཁ་རྡུང་གཏོང་བའམ། རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་གཏོང་བའི་སྲིད་ཇུས་དེ་མཐོང་ཐོས་མེད་པར་འགྱུར་རྒྱུ་ངེས་གཏན་དུ་གྱུར་ཡོད་པ་རེད།།

XS
SM
MD
LG