ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱི་བློན་ཆེན་ལྷན་ཁང་ལ་རྒྱ་ནག་གིས་དོ་སྣང་། 


ཨ་རིའི་འདེམས་ཐོན་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལཱ་རྣམ་གཉིས།

༄༅།། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཕལ་མོ་ཆེས་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ཀྱང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འཚམས་འདྲི་ཞུས་མེད་པ་སྟེ། ཨུ་རུ་སུའི་གཞུང་གིས་ཇཱོ་བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀྱི་སུ་ཞིག་འདེམས་ཐོན་བྱུང་རུང་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་པའི་རྩིས་བརྒྱབ། རྒྱ་ནག་གིས་ཇཱོ་བྷ་ཌན་གྱིས་ཨ་རིའི་ལྷན་ཁང་གི་བློན་ཆེན་དེ་ཚོར་སུ་སུ་བསྐོ་བཞག་བྱ་འཆར་ཡོད་མེད། བློན་ཆེན་བསྐོ་བཞག་བྱེད་སྟངས་དེ་ནས་ཇཱོ་བྷ་ཌན་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཁ་ཕྱོགས་གང་འདྲ་ཞིག་ལ་བསྒྱུར་རྒྱུ་ཡིན་མིན་ཅུང་ཙམ་ཤེས་རྟོགས་ཐུབ་རྒྱུ་དེར་ངང་སྒུག་བྱས་འདུག ད་ལོའི་འོས་འདེམས་ལས་འགུལ་དུས་སུ་ཇཱོ་བྷ་ཌན་གྱིས་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ནི་ཇག་གཙོ་ཞིག་རེད་ཅེས་ཁ་རྡུང་བཏང་སྟེ་ཨུ་རུ་སུ་དང་རྒྱ་ནག་གཉིས་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་ཡིན་ཞེས་སྲིད་འཛིན་འོས་མིའི་བགྲོ་གླེང་ཐེངས་གསུམ་པའི་སྐབས་སུ་ནན་བརྗོད་བྱས་ཤིང་། ཉམས་ཞིབ་པ་ཚོས་ཇཱོ་བྷ་ཌན་གྱིས་རང་གི་བློན་ཆེན་ཚོར་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་རྒྱབ་སྐྱོར་འཐོབ་པར་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་འཛིན་དགོས་པའི་ལངས་ཕྱོགས་འཛིན་མཁན་དང་རྒྱ་ནག་ལ་འབྲེལ་བ་འཛིན་དགོས་པའི་ལངས་ཕྱོགས་འཛིན་མཁན་ཕྱོགས་གཉིས་ཀྱི་མི་སྣ་རྣམས་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་དང་ཨ་རིའི་དཔལ་འབྱོར་ཉམས་རྒུད་སླར་གསོ། ཨ་རིའི་རྒྱལ་ནང་གི་མི་དམངས་རྣམས་ཤོག་ཁག་གཉིས་སུ་ཆད་ཡོད་པ་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཁ་ཕྱོགས་གང་འདྲ་ཞིག་ལ་འཁྲིད་རྒྱུ་ཡིན་མིན་ནི་ཇཱོ་བྷ་ཌན་གྱི་ཕྱི་འབྲེལ་སྲིད་ཇུས་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གིས་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་ལས་མགོ་བརྩམས་པའི་རྗེས་སུ་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་བཟང་ཕྱོགས་སུ་འགྲོ་ཐུབ་རྒྱུའི་རེ་ལྟོས་འཆང་འདུག ༢༠༡༩་ལོའི་ཕྱི་ཟླ་༥་ནང་དུ་ཇཱོ་བྷ་ཌན་གྱིས་རྒྱ་ནག་ནི་ཨ་མི་རི་ཀའི་འགྲན་ཡ་ཞིག་མ་རེད་ཅེས་རྒྱ་ནག་ཨ་མི་རི་ཀར་ས་ཁམས་ཆབ་སྲིད་ཀྱི་ཁ་གཏད་པ་ཞིག་ལ་འགྱུར་གྱི་ཡོད་པའི་དོན་དངོས་ལ་སྣང་ཆུང་བཏང་ཞིང་། དེར་བརྟེན་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀས་ཇཱོ་བྷ་ཌན་གྱིས་རྒྱ་ནག་གི་ཉེན་ཚབས་ངོས་ཟིན་གྱི་མི་འདུག་ཅེས་སྐྱོན་བཙུགས། བྷ་ཌན་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གྲངས་ཉུང་མི་རིགས་ལ་གཉའ་གནོན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ངོ་རྒོལ་ཡོད་ཅེས་བསྒྲགས། ཉེ་ཆར་ཇཱོ་བྷ་ཌན་གྱིས་རང་ཉིད་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་གི་ཡིན། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། བྷ་ཌན་གྱི་སྲིད་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ཨོ་བྷ་མའི་སྐབས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་སུ་སན་ར་ཡེ་སི།
ཨོ་བྷ་མའི་སྐབས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་སུ་སན་ར་ཡེ་སི།

ཉམས་ཞིབ་མང་པོ་ཞིག་གིས་ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཟུར་པ་ཨོ་བྷ་མའི་དུས་ཀྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སུ་སན་ར་ཡེ་སི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་༢༠༡༢་ལོར་ལི་བྷི་ཡའི་ཁ་ཆེ་སྤྱོད་པ་ཚོས་ཨ་མི་རི་ཀའི་དོན་གཅོད་ཁང་ལ་གཏོར་རྒོལ་གྱི་བྱུས་ཉེས་བྱུང་ནས་བཟུང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སུ་སན་ར་ཡེ་སི་ལ་མོས་མཐུན་དང་རྒྱབ་སྐྱོར་བྱ་དཀའ། པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་རིག་པའི་ཉམས་ཞིབ་པ་ཝང་ཡུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་སུ་སན་ར་ཡེ་སི་བསྐོ་བཞག་བྱེད་ཚེ། ཁོ་མོས་རྒྱ་ནག་ལ་འབྲེལ་བ་ཡག་ཏུ་གཏོང་དགོས་པའི་ལངས་ཕྱོགས་ཤིག་འཛིན་སྲིད། ཨ་རྒྱ་གཉིས་ཀྱིས་འཕྲལ་དུ་གྲོས་མོལ་བྱས་ནས་གྲོས་མཐུན་ཞིག་འཇོག་དགོས་པ་ནི་ཛ་དྲག་གི་གནས་ཚུལ་ཞིག་རེད་ཅེས་བསྟན། ཡིན་ནའང་ཇཱོ་བྷ་ཌན་གྱིས་ཨོ་བྷ་མའི་དུས་ཀྱི་རྒྱལ་སྲུང་དྲུང་ཆེ་འོག་མ་མཱི་ཤཱལ་ཧྥུ་ལོར་ནོ་དབྱི་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱ་སྲིད་པར་རྒྱ་ནག་གིས་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། ལོ་འདིའི་ཕྱི་ཟླ་༦་ནང་དུ་མཱི་ཤཱལ་ཧྥུ་ལོར་ནོ་དབྱིས་ལོ་བཅུ་ཕྲག་མང་པོའི་སྔོན་ལ་བསྡུར་ན་དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀས་དམག་འཁྲུག་རྒྱག་དགོས་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་འདུག ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་གི་སྟོབས་ཤུགས་རྒྱ་བསྐྱེད་ནས་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་རྒྱ་ནག་གི་དམག་གྲུ་དང་མཚོ་འོག་དམག་གྲུ། ཚོང་གྲུ་རྣམས་གཏོར་ནས་མཚོ་ནང་ལ་བསྣུབ་ཐུབ་པའི་གྲ་སྒྲིག་དགོས་ཞེས་རྩོམ་ཡིག་བྲིས།།

སྲིད་འཛིན་ཟུར་པ་ཨོ་བྷ་མའི་དུས་ཀྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཨན་ཐོ་ཎི་བྷ་ལིན་ཁེན་ཡང་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་གང་རུང་གི་ས་མིག་དེར་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས་སུ་སན་ར་ཡེ་སི་དང་བྷ་ལིན་ཁེན་གཉིས་ནི་ཨ་མི་རི་ཀས་འཛམ་གླིང་གི་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཁག་ལ་འགོ་ཁྲིད་བྱ་རྒྱུ། ཨ་མི་རི་ཀས་རང་གི་མཐུན་གྲོགས་ཚོར་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ལྟ་བ་འཛིན་མཁན་ཡིན་རུང་མཱི་ཤཱལ་ཧྥུ་ལོར་ནོ་དབྱི་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱ་དགོས་པའི་བསམ་གཞིག་བྱེད་ཀྱི་ཡོད་པ་དེས་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་རྒྱ་ནག་ལ་མཁྲེགས་པོ་བྱ་དགོས་ཞེས་གླེང་སློང་འབྱུང་གི་ཡོད་པ་མཚོན་ཐུབ། ད་ལོའི་མགོ་སྟོད་དེར་ཇཱོ་བྷ་ཌན་གྱིས་རྒྱ་ནག་ནི་དམིགས་བསལ་གྱིས་གདོང་ལེན་བྱ་དགོས་ས་ཞིག་རེད། ངས་ཌོ་ནལ་ཊམ་དང་མ་འདྲ་བར་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན། འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པ་འགོག་ཐབས་དང་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམ། རྒྱལ་སྤྱིའི་ཐོག་ཏུ་ནད་རིགས་སྔོན་འགོག་སོགས་ཨ་མི་རི་ཀའི་ཁེ་ཕན་ལ་འབྲེལ་བ་དམ་ཟབ་ཡོད་པའི་ལས་དོན་ཐོག་ཏུ་རྒྱ་ནག་ལ་མཉམ་འབྲེལ་རྒྱ་རྒྱུ་ཡིན་ཞེས་རྩོམ་ཡིག་བྲིས། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཚུགས་ཡོད་པའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་མཁས་པ་ཧྲེན་དིང་ལིས་བཤད་པ་ལྟར་ན། ཇཱོ་བྷ་ཌན་གྱི་བློན་ཆེན་ལྷན་ཁང་ལ་སུ་ཞིག་བསྐོ་བཞག་བྱས་ཀྱང་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱིས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་ཡིན་པ་གཅིག་མཚུངས་རེད། རྒྱ་ནག་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་ཁག་དང་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་ལག་ལེན་བསྟར་གྱི་ཡོད་པས་སྔོན་ཆད་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་དང་ད་ལྟའི་དུས་འདིར་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་དེར་ཁྱད་པར་ཆེན་པོ་འདུག་ཅེས་བཤད།།

ཐེ་ཝན་གྱི་རྒྱལ་སྲུང་དང་སྲིད་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སུ་ཚུ་ཡུན་ཞེས་པ་ཞིག་གིས་ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་མཉམ་འབྲེལ་གྱི་སྲིད་ཇུས་ཤིག་འཛིན་རྒྱུའི་དབང་དུ་བཏང་རུང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྔར་སོར་ཚུད་ཐབས་བྲལ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་སྲིད་དོན་ཚོགས་པ་གཉིས་ཀའི་ནང་དུ་ཐེ་ཝན་ལ་རྒྱབ་སྐྱོར་བ་ཤུགས་ཆེན་པོ་ཡོད་པར་འགྱུར་བ་ཐེབས་མི་སྲིད་པས་ཐེ་ཝན་གཞུང་གིས་དེ་ལ་བློ་དོགས་བྱ་དགོས་དོན་མེད། བྷ་ཌན་གྱི་སྲིད་གཞུང་གིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་འགོག་རྒོལ་བྱ་རྒྱུ་ཉག་ཅིག་རེད། སྲིད་འཛིན་ཨོ་བྷ་མས་ཨེ་ཤི་ཡ་གཙིགས་སུ་འཛིན་དགོས་པའི་སྲིད་ཇུས་ཤིག་འགོ་བཙུགས་པ་ཌོ་ནལ་ཊམ་གྱིས་རྒྱུན་བསྐྱངས། ད་ལྟ་བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་སྲིད་ཇུས་དེ་རྒྱུན་སྐྱོང་བྱ་རྒྱུ་ཡིན་པར་ཐེ་ཚོམ་མི་འདུག ཡིན་ནའང་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་ཇུས་རྣམས་ཚིག་རྩུབ་མིན་པར་འཇམ་པོ་དང་ཐབས་མཁས་ཤིག་ལ་འགྱུར་རྒྱུ་རེད། ཨ་མི་རི་ཀས་རྒྱ་ནག་བཀག་བསྐྱིལ་བྱ་རྒྱུའི་ལངས་ཕྱོགས་བཟུང་ཡོད་པ་དང་ཕྱོགས་གཉིས་ཀྱི་ཚོང་ལས་དང་འཕྲུལ་རིག་ལག་རྩལ། དམག་དོན་བཅས་ལ་འགལ་ཟླ་ཡོད་པ་རྣམས་སེལ་ཐུབ་རྒྱུ་ཁག་པོ་རེད། བྷ་ཌན་གྱི་སྲིད་གཞུང་གིས་ཨ་རི་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ་བཞིའི་ཐོག་ཏུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་མཚོ་དམག་ལ་འབྲེལ་བ་བྱ་སྐྱེད། དེང་སྐབས་མིག་ལྔ་ཞེས་འབོད་པའི་ཨ་མི་རི་ཀ་དང་ཁེ་ན་ཌ། དབྱིན་ཇི་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་བཅས་རྒྱལ་ཁབ་ལྔའི་མཉམ་འབྲེལ་གསང་བའི་ལས་ཁང་ཡང་རྒྱ་བསྐྱེད་སྲིད་པའི་རེ་བ་ཆེ། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུའང་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་དང་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་ཐག་བཅད་ཟིན་པ་དེར་འགྱུར་བ་ཐེབས་ཀྱི་མ་རེད། བྷ་ཌན་གྱི་གཞུང་གིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་ཉུང་དུའང་འགྲོ་མི་སྲིད། ཡིན་ནའང་ཐེ་ཝན་གཏན་དུ་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་ལ་བསྙེས་ཏེ་རང་སྲུང་གི་མཚོན་ཆ་རྣམས་ཕྱི་ནས་ནང་འདྲེན་བྱ་རྒྱུ་དེར་བློ་གཏད་བཅོལ་མི་ཉན། ང་ཚོས་རང་གི་རྒྱལ་སྲུང་མཚོན་ཆ་རྣམས་སོ་སོས་བཟོ་ཐབས་བྱ་དགོས། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ནི་འཛམ་གླིང་སྤྱི་དང་ཨེ་ཤི་ཡ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་བཅས་ལ་འབྲེལ་བ་རྒྱ་ཆེན་པོ་ཞིག་ཡོད་པས་འབྲེལ་བ་དེར་ཐེ་ཝན་གྱིས་འགྱུར་ལྡོག་གཏོང་མི་ཐུབ། ཨ་རྒྱའི་འབྲེལ་བར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་བཞིན་པའི་དུས་འདིར་ཐེ་ཝན་གྱིས་རང་གི་མཚོ་གླིང་རྒྱལ་ཁབ་ཆུང་ཆུང་དེའི་ཁེ་ཕན་ལེན་པའི་གོ་སྐབས་དམ་འཛིན་བྱ་དགོས་ཞེས་བཤད་འདུག

XS
SM
MD
LG