ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བྷ་ཌན་གྱིས་ཕོ་བྲང་དཀར་པོར་བཞི་འབྲེལ་རྒྱལ་ཁབ་ཀྱི་ཚོགས་འདུ་བསྡུ་སྐོང་། 


༄༅།། དེ་རིང་གཟའ་པ་སངས་ཉིན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་སུ་གྷ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི། ཨོ་གླིང་གི་སྲིད་བློན་མོ་རི་སན་རྣམས་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོའི་གྲོས་མོལ་ཐོག་མ་དེ་གནང་གི་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱེན་ས་ཀིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་ལ་ནུས་པ་མཉམ་སྤུངས་བྱ་རྒྱུ་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག འཕྲུལ་རིག་ལག་རྩལ་མཉམ་འབྲེལ་དང་དྲྭ་ལམ་གྱི་བདེ་འཇགས་སྲུང་སྐྱོབ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་འགྲིམ་འགྲུལ་རང་དབང་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཁག་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་བསྒྲགས། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨ་རི་དང་ཨོ་གླིང་། རྒྱ་གར་དང་ཉི་ཧོང་རྣམས་དམངས་གཙོའི་རྒྱལ་ཁབ་ཡིན་པ་དང་རྒྱ་ནག་གི་སྟོབས་ཤུགས་གཅོག་རྒྱུ་རྒྱལ་ཁབ་བཞིའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་རེད། དེས་ན་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན་དེ་ཚོགས་འདུ་དེའི་གྲོས་སྡུར་གཙོ་བོར་འགྱུར་རྒྱུ་རེད་ཅེས་གནས་ཚུལ་སྤེལ་འདུག བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་ཚོགས་འདུ་ནི་ཨ་མི་རི་ཀས་ཨེ་ཤི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་སྐབས་ལ་ཁེལ་ཡོད་པ་སྟེ། བྷ་ཌན་གྱི་སྲིད་གཞུང་གིས་ཨེ་ཤི་ཡར་ཕྱི་འབྲེལ་རྒྱ་སྐྱེད་དང་སྲ་བརྟན། ཉི་ཧོང་གིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་པ་དང་རྒྱ་དཀར་ནག་གཉིས་ཀྱང་ཧིན་བོད་ས་མཚམས་སུ་དམག་འཁྲུག་གི་ཉེན་ཁ་ཡོད་པ། ཨ་རི་དང་དབྱིན་ཇི། ཨོ་གླིང་གིས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཕྱོགས་བཙུགས་ཏེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དངངས་འཚབ་ལངས་དགོས་པ་ཞིག་ཏུ་གྱུར།།

བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོའི་དྲྭ་ལམ་གྲོས་མོལ།
བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོའི་དྲྭ་ལམ་གྲོས་མོལ།

ཨོ་གླིང་རྒྱལ་ཁབ་ཀྱི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མལ་ཁམ་ཌེ་ཝྭི་སིས་བཤད་པ་ལྟར་ན། བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཐག་གཅོད་ཅི་ཞིག་བྱས་ཀྱང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཤས་ཆེ། སྲིད་འཛིན་བྷུ་ཤཱིའི་དུས་སྐབས་སུ་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཕྱོགས་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་ཞིག་གི་ངོ་བོའི་ཐོག་ཏུ་གཞིས་ཚུགས་པར་གཞིགས་ཚེ། ད་ལྟ་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཕྱོགས་དེ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྟོབས་ཤུགས་ཆེ་བའི་མཐུན་ཕྱོགས་ཤིག་ཏུ་གྱུར་ཡོད་པ་རེད། བཞི་འབྲེལ་རྒྱལ་ཁབ་ནི་ཨེ་ཤི་ཡའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་མིན་རུང་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་བསྟན། ༢༠༠༧་ལོར་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཕྱོགས་འཛུགས་རྒྱུའི་གྲོས་གཞི་བཏོན། ཡིན་ནའང་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སྐབས་བར་དུ་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་གྲོས་མོལ་བྱ་རྒྱུ་འགོ་མ་ཚུགས། བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཕྱོགས་ཤུགས་ཆེ་རུ་གཏོང་དོན་ནི་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་སྟོབས་ཤུགས་རྒྱས་བཞིན་པར་ཁ་གཏད་གཅོག་པའི་ཆེད་དུ་ཡིན་འདུག ༢༠༢༠་ལོར་ཨོ་གླིང་གི་སྲིད་བློན་མོ་རི་སན་གྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩད་གཅོད་བྱ་དགོས་ཞེས་བསམ་འཆར་བཤད། དེ་ནས་རྒྱ་ནག་གིས་ཨོ་གླིང་ལ་ཚོང་འབྲེལ་བཅད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། ཌོ་ནལ་ཊམ་དུས་སྐབས་ནས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་བྷ་ཌན་གྱི་དུས་སུ་དེ་བས་ཀྱང་ཇེ་སྡུག་ཏུ་སོང་། ཨ་མི་རི་ཀའི་སྲིད་གཞུང་གསར་པས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཕྱོགས་བཙུགས་ཏེ་ཨོ་གླིང་རྒྱལ་ཁབ་ལ་དམག་དོན་གྱི་ཚན་རིག་ལག་རྩལ་སྤྲོད་རྒྱུའི་གྲོས་མཐུན་བཞག

ཉི་ཧོང་གཞུང་གིས་ཨ་མི་རི་ཀའི་སྲིད་ཇུས་དེ་ཨེ་ཤི་ཡའི་ཕྱོགས་སུ་སྒྱུར་གྱི་ཡོད་པར་དགའ་བསུ་ཞུས། ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་འགའ་ཞིག་གི་བདག་དབང་དོན་དུ་ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བ་དང་ཉི་ཧོང་གིས་རང་གི་མངའ་ཁོངས་ལ་ཆོད་སེམས་བརྟན་པོས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྒྲགས། ཨ་རིའི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གྷེ་ལ་སེར་གྱིས་བཤད་པ་ལྟར་ན། ད་ལྟ་བཞི་འབྲེལ་རྒྱལ་ཁབ་ཁག་གི་གྲས་སུ་འཛེམ་ཟོན་ཆེན་པོ་བྱེད་མཁན་ནི་རྒྱ་གར་རེད། བཞི་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་སྲུང་མཉམ་འབྲེལ་དང་རྒྱ་ནག་ལ་ཁ་གཏད་ནུས་པ་ཐོན་པ་ཞིག་གཅོག་རྒྱུ་ཡིན་མིན་རྒྱ་གར་ལ་ཐུག་འདུག ན་ནིང་ཕྱི་ཟླ་༦་ནང་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་ནས་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག་ཀྱང་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་ནན་པོ་ཞིག་གཅོག་འདོད་མི་འདུག་ཅེས་བཤད། ཡིན་ནའང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ས་ཐོག་དམག་འཁྲུག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨམ་རི་ཏ་ཇཱ་ཤཱས་རྒྱ་གར་གྱིས་ཨ་མི་རི་ཀའི་མཉམ་དུ་དམག་སྦྱོང་བྱེད་པ་དང་ཨ་རི་ནས་མཚོན་ཆ་ཉོ་སྒྲུབ། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་སོགས་འཐོབ་ཐབས་བྱས་ནས་ཨ་མི་རི་ཀར་དམག་དོན་གྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་གི་འདུག རྒྱ་གར་དང་ཨ་རིའི་མཉམ་འབྲེལ་བྱ་ཡུལ་གཙོ་བོ་ཞིག་ཧི་མ་ལ་ཡའི་གངས་འདབས་ནས་རྒྱ་གར་རྒྱ་མཚོ་བར་དུ་རྒྱ་ནག་གི་དམག་དཔུང་འགུལ་སྐྱོད་ཅི་ཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ཨ་མི་རི་ཀའི་འཁོར་སྐར་གྱིས་ཞིབ་འཇུག་བྱས་ཏེ་རྒྱ་གར་ལ་དུས་ཐོག་ཏུ་མཁོ་སྤྲོད་བྱ་རྒྱུ་དེ་རེད་ཅེས་རྩོམ་ཡིག་བྲིས། ཨ་རིའི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གྷེ་ལ་སེར་གྱིས་བཞི་འབྲེལ་རྒྱལ་ཁབ་དམག་དོན་གྱི་མཉམ་འབྲེལ་སྒྲིག་འཛུགས་ཤིག་ལ་འགྱུར་རྒྱུ་ཡིན་མིན་ནི་རྒྱ་ནག་གི་སྤྱོད་པ་ལའང་འབྲེལ་བ་ཆེན་པོ་འདུག རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྡིགས་སྐུལ་དང་ཐུབ་ཚོད་མ་བྱས་ན་བཞི་འབྲེལ་རྒྱལ་ཁབ་དམག་དོན་གྱི་མཉམ་འབྲེལ་སྒྲིག་འཛུགས་ལ་འགྱུར་དགོས་དོན་མེད་ཅེས་བཤད།།

སྲིད་འཛིན་གཞོན་པ་ཧ་རེ་སི་དང་རྒྱ་གར་གྱི་སྲིད་བློན་གཉིས་གཟའ་ཕུར་བུའི་ཉིན་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྒོ་ཁྱམས་སུ།
སྲིད་འཛིན་གཞོན་པ་ཧ་རེ་སི་དང་རྒྱ་གར་གྱི་སྲིད་བློན་གཉིས་གཟའ་ཕུར་བུའི་ཉིན་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྒོ་ཁྱམས་སུ།

གཟའ་པ་སངས་ཉིན་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་གྲོས་མོལ་བྱས་པའི་སྐབས་དེར་བརྗོད་གཞི་གཙོ་བོ་ཞིག་ཐེ་ཝན་ཡིན་ཞིང་། སྔ་ལོ་ནས་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་སོང་། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་བྷ་ཌན་གཉིས་ཀས་ཐེ་ཝན་ལ་འབྲེལ་བ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་མཚོན་ཆ་ཕྱིར་ཚོང་། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཐེ་ཝན་ལ་འཚམས་འདྲིར་བསྐྱོད། ཨོ་གླིང་རྒྱལ་ཁབ་རྟག་ཏུ་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་ཐེ་ཝན་ལ་རྒྱབ་སྐྱོར། ད་ལོའི་ཕྱི་ཟླ་༧་པར་ཉི་ཧོང་གི་སྲིད་བློན་གཞོན་པས་ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པ་འགོག་དགོས་ཞེས་བཤད། ཕྱི་ཟླ་༨་པའི་ནང་དུ་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་ཚོས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་ཐུན་མོང་གི་གསལ་བསྒྲགས་སྤེལ། ཨ་རིའི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གྷེ་ལ་སེར་གྱིས་ཕྱི་ཟླ་༨་པའི་གསལ་བསྒྲགས་དེ་ཕྱི་ཟླ་༩་པའི་ཚེས་༢༤་ཉིན་ཕོ་བྲང་དཀར་པོར་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་གྲོས་སྡུར་ཅི་ཞིག་བྱ་རྒྱུ་ཡིན་མིན་གྱི་སྔོན་བརྡ་ལྟ་བུ་ཞིག་ཡིན་སྲིད། ཨོ་གླིང་དང་ཉི་ཧོང་གིས་ཐེ་ཝན་གྱི་གནད་དོན་གླེང་སློང་བྱས་ཀྱང་རྒྱ་གར་གྱིས་རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུར་འཛེམ་ཟོན་བྱས་ནས་ཐེ་ཝན་གྱི་གནད་དོན་གླེང་སློང་བྱ་རྒྱུ་གཡོལ་ཐབས་བྱས་པ་རེད། ད་ལྟ་རྒྱ་གར་གྱིས་ཀྱང་ཐེ་ཝན་གྱི་གནད་དོན་གླེང་སློང་བྱེད་ཀྱི་ཡོད་པ་ནི་པེ་ཅིང་རྨོངས་གཉིད་སད་དགོས་པའི་ཅོང་བརྡ་ཞིག་རེད་ཅེས་བཀྲལ།།

སྲིད་འཛིན་བྷ་ཌན་དང་ཨོ་གླིང་གི་སྲིད་བློན་མོ་རི་སི་གཉིས་ཀྱིས་ནང་མོལ་བྱས་པ་ཞིག་ཨོ་གླིང་གི་བདེ་འཇགས་དང་ཁྲིམས་སྒྲིག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷན་སི་ཀོ་ཊིས་ལུང་འདྲེན་བྱས་པ་ལྟར་ན། བཞི་འབྲེལ་རྒྱལ་ཁབ་རྡོག་རྩ་གཅིག་སྒྲིལ་ཞིག་བྱུང་ན་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་འགོག་ཐུབ། ཡིན་ནའང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་ཞེས་གླེང་སློང་བྱེད་པའི་རྗོད་ཚིག་གིས་འདྲོག་འགོ་མི་སློང་བ་དང་གདོང་ཐུག་མི་འབྱུང་བ་ཞིག་བྱ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པའི་གནས་ཚུལ་སྤེལ་འདུག ཨ་མི་རི་ཀའི་སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་གྲོས་གཞིའི་ཁོངས་སུ་རྒྱ་ནག་ཅེས་དངོས་སུ་མིང་འབོད་བྱེད་ཀྱི་མེད་ཀྱང་ཞིས་ཅིན་ཕིང་གིས་བློ་འཚབ་བྱེད་དགོས་ངེས་ཤིག་རེད། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་བཅས་ལ་རྒྱ་ནག་གིས་འབྲེལ་བ་སྡུག་ཏུ་བཏང་སྟེ་རིམ་བཞིན་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་བཞི་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པ་བྱུང་བ་རེད་ཅེས་བཤད། བདུན་ཕྲག་སྔོན་མར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱལ་ཁབ་བྱེ་བྲག་པ་ཞིག་དམིགས་འབེན་དུ་བཟུང་ནས་དཔུང་སྒྲིག་བྱེད་ཀྱི་ཡོད་པར་དགེ་མཚན་མེད། དཔུང་སྒྲིག་དེ་ཕམ་ཉེས་སུ་འགྲོ་རྒྱུ་ཉག་ཅིག་རེད་ཅེས་གསལ་བསྒྲགས་སྤེལ། ཡིན་ནའང་བཞི་འབྲེལ་རྒྱལ་ཁབ་ཀྱི་ངོ་བོ་དམག་དོན་མཉམ་འབྲེལ་གྱི་སྒྲིག་འཛུགས་ཤིག་ལ་འགྱུར་སྲིད་པར་རྒྱ་ནག་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཕྱོགས་དང་ཕྱི་ཟླ་༩་པའི་ཚེས་༡༥་ཉིན་གསར་དུ་བཙུགས་པའི་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་རྣམས་དམངས་གཙོའི་རྒྱལ་ཁབ་ཁག་གི་མཐུན་ཕྱོགས་ཡིན་པས་རྒྱ་ནག་རང་བཞིན་གྱིས་མཐུན་ཕྱོགས་དེ་དག་གི་ཁ་གཏད་དུ་གྱུར་ཡོད་པ་རེད།།

XS
SM
MD
LG