ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་དང་ཨ་ཤི་ཡའི་རྒྱལ་ཁབ་ཁག་གི་བློ་འཚབ།


༄༅།། ཉེ་ཆར་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ཨོ་གླིང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་བཙོངས་རྒྱུ་དང་༡༩༥༨་ལོར་ཨ་མི་རི་ཀས་དབྱིན་ཇིར་རྡུལ་ཕྲན་གྱི་ཚན་རིག་ལག་རྩལ་ཕྱིར་ཚོང་བྱས་ནས་བཟུང་། ད་ལྟའི་བར་དུ་ཨ་མི་རི་ཀས་རྒྱལ་ཁབ་གཅིག་ལའང་རྡུལ་ཕྲན་གྱི་ཚན་རིག་ལག་རྩལ་ཕྱིར་ཚོང་བྱས་མྱོང་མེད་པ་ཞིག་ཨོ་གླིང་ལ་བཙོང་རྒྱུ་དང་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ཞིག་བཙུགས། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་ཡུལ་གྱི་དམིགས་འབེན་དུ་འཛིན་སྲིད་ཅེས་འཇིགས་སྣང་བསྐུལ། ཕྱི་ཟླ་༩་པའི་ཚེས་༢༣་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྒྱ་གར་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཐེ་ཝན་སོགས་ཀྱིས་མཉམ་འབྲེལ་དེར་གླེང་སློང་ཅི་ཡང་བྱེད་ཀྱི་མེད་ཀྱང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཨ་རྒྱ་གཉིས་ཀྱི་གང་གི་ཕྱོགས་སུ་ལང་དགོས་མིན་ཐག་གཅོད་བྱེད་མ་ཐུབ་པར་དཀའ་ངལ་ནང་དུ་ཚུད། ཨིན་རྡུ་ནེ་ཤི་ཡ་དང་མ་ལེ་ཤི་ཡ་གཉིས་ཀྱིས་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་དེས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་འཛེམ་ཟོན་མེད་པར་སྐྱོན་བཙུགས། སིངྒ་པུར་དང་ཝྭི་ཏེ་ནམ་གཉིས་ཀྱིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་བློ་ཚབས་ཆེན་པོ་བྱེད་ཀྱི་ཡོད་པས་ལྐོག་ཏུ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ལ་དགའ་བསུ་ཞུས། ཧྥི་ལི་ཕིན་གྱིས་འཛེམ་ཟོན་མེད་པར་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་དེ་དགོས་ངེས་ཤིག་རེད་ཅེས་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཞེས་ལངས་ཕྱོགས་གསལ་སྟོན། ཁོ་ཚོས་མ་འོངས་པར་ཨོ་གླིང་གི་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱེད་ཚེ། རྒྱ་ནག་གིས་རྡུལ་ཕྲན་མཚན་ཆས་ཨོ་གླིང་ལ་གཏོར་རྒོལ་བྱས་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དམག་འཁྲུག་གི་བར་དུ་ཚུད་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་དང་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་མཚོ་འོག་དམག་གྲུ་གཉིས་ལ་ཁྱད་པར་ཡོད་པ་སྟེ། རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་ནི་འགུལ་སྐྱོད་ཀྱི་ནུས་ཤུགས་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་ཡོད་པ་ལས་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་གོ་དོན་མིན། ཨོ་གླིང་གཞུང་གིས་ཀྱང་རྡུལ་ཕྲན་མཚོན་ཆ་ཉར་ཚགས་བྱ་འཆར་མེད་ཅེས་བསྐྱར་དུ་བཟློས། ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་རྩོད་གཞི་ཆེ་བའི་ས་ཁུལ་དེར་དམག་གྲུ་བཏང་ནས་སྐོར་གཡེང་བྱ་རྒྱུ་ཤུགས་ཆེ་རུ་སོང་། འདས་པའི་ལོ་མང་རིང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རང་གི་མངའ་ཁུལ་དེར་ཕྱི་རྒྱལ་བའི་དམག་གི་སྟོབས་ཤུགས་ཁྱབ་རྒྱུ་འགོག་ཐབས་སུ་འབད། ད་ལྟ་ཨ་རི་དང་རྒྱ་ནག་གཉིས་ཁ་གཏད་འགྲན་རྩོད་དུ་གྱུར་ཏེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་རྒྱུའི་ཉེན་ཁའི་གནས་སུ་ལྷུང་། མ་ལེ་ཤི་ཡ་ལོ་མང་རིང་བཏང་སྙོམས་སུ་གནས་ཀྱང་ཁ་སང་གཟའ་ལྷག་པའི་ཉིན་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ལ་རྒྱ་ནག་གིས་ལངས་ཕྱོགས་ཅི་ཞིག་འཛིན་གྱི་ཡོད་མེད་འདྲི་རྩད་བྱ་རྒྱུ་ཡིན་ཞེས་བསྒྲགས། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མ་ལེ་ཤི་ཡའི་རྒྱལ་སྲུང་བློན་ཆེན་འཕྲལ་དུ་རྒྱ་ནག་ལ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་དེའི་དགེ་སྐྱོན་ལ་གྲོས་སྡུར་བྱེད་དུ་བསྐྱོད་རྒྱུ། མ་ལེ་ཤི་ཡའི་རྒྱལ་སྲུང་བློན་ཆེན་གྱིས་ང་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱི་ལས་སྣེ་ཚོར་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་དེར་ལྟ་ཚུལ་ཅི་ཞིག་ཡོད་མེད་ཤེས་རྟོགས་ཐུབ་འདོད་ཡོད། ང་ཚོས་ཨོ་གླིང་རྒྱལ་ཁབ་ཀྱིས་རྒྱལ་སྲུང་བློན་ཆེན་ལ་མཉམ་འབྲེལ་གྲོས་མཐུན་དེས་བྷུ་རུ་ནེ་དང་ཁེམ་བྷོ་ཌི་ཡ། འབར་མ་དང་ལའོ་སི། ཝྭི་ཏེ་ནམ་སོགས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བློ་འཚབ་ཡོང་གི་ཡོད་པར་བསམ་ཞིབ་བྱེད་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད།།

ཨིན་རྡུ་ནེ་ཤི་ཡའི་ཕྱི་སྲིད་ལྷན་ཁང་གིས་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ལ་སྐྱོན་བརྗོད་བྱས་ནས་ཨོ་གླིང་གི་སྲིད་བློན་སི་ཀོ་ཊི་མོ་རི་སན་གྱིས་བསྐྱར་དུ་བསམ་ཞིབ་བྱ་དགོས། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཨ་རི་དང་རྒྱ་ནག་གི་མཚོན་ཆའི་འགྲན་སྡུར་བར་དུ་ཚུད་ཀྱི་འདུག་ཅེས་ནན་བརྗོད་བྱས་ཤིང་། ཨོ་གླིང་གཞུང་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་མི་འགྲོ་བའི་ཆེད་དུ་ཨིན་རྡུ་ནེ་ཤི་ཡ་དང་མ་ལེ་ཤི་ཡ་གཉིས་ཚུད་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཨོ་གླིང་རྒྱལ་ཁབ་ཀྱིས་རྡུལ་ཕྲན་མཚོན་ཆ་ཉར་ཚགས་མི་བྱེད་པའི་སྲིད་ཇུས་ལ་འགྱུར་བ་མེད། ཨོ་གླིང་གིས་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་གི་མཚོ་དམག་རྒྱ་སྐྱེད་ལ་ཁ་གཏད་གཅོག་ཐུབ། མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས་དམག་གི་སྟོབས་ཤུགས་ཆ་མཉམ་ཡོང་ཐུབ་པའི་ཕན་ཕོགས་ཡོད་ཅེས་བཀྲལ། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་སུ་བཅའ་སྡོད་ཨོ་གླིང་གི་སྐུ་ཚབ་ཀྱིས་ཀྱང་ཨོ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་དེ་རྒྱལ་སྲུང་མཉམ་འབྲེལ་ལམ། ཡང་ན་དམག་དོན་མཉམ་འབྲེལ་གྱི་མཐུན་ཚོགས་ཤིག་མིན། ཨོ་གླིང་གཞུང་གིས་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་ཉོ་སྒྲུབ་བྱེད་ཀྱི་ཡོད་ཀྱང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམ་གྱི་ལངས་ཕྱོགས་བཟུང་ཡོད་པར་འགལ་ཟླ་འབྱུང་གི་མེད་ཅེས་གསལ་བཀྲོལ་བྱས་འདུག

ཝྭི་ཏེ་ནམ་དང་སིངྒ་པུར་གཉིས་ཀྱིས་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ལ་ངོ་རྒོལ་དང་དགག་པ་གང་ཡང་མ་བརྒྱབ། ཉམས་ཞིབ་པ་ཚོས་སིངྒ་པུར་དང་ཝྭི་ཏེ་ནམ་གཉིས་ཀྱིས་ལྐོག་ཏུ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ལ་དགའ་བ་སྒོམ་གྱི་འདུག་ཅེས་བསྟན། ཧ་ཅང་ཁྱད་མཚར་ཞིག་ལ་རྒྱ་ནག་གི་མཐུན་གྲོགས་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཏེས་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་ལ་མཉམ་འབྲེལ་དེ་འདྲ་ཞིག་དགོས་ངེས་རེད་ཅེས་བཤད། ཧྥི་ལི་ཕིན་དང་ཨོ་གླིང་གི་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་ཧྥི་ལི་ཕིན་བཏང་སྙོམས་སུ་གནས་དགོས་པའི་སྲིད་ཇུས་ལ་འགྱུར་བ་མེད་ཀྱང་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་ལ་ངོ་རྒོལ་མེད་ཅེས་ཁ་པར་ནང་དུ་གྲོས་མོལ་བྱུང་། བདུན་ཕྲག་གཅིག་གི་སྔོན་དེར་ཧྥི་ལི་ཕིན་གྱི་རྒྱལ་སྲུང་བློན་ཆེན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་ཨ་རི་དང་ཧྥི་ལི་ཕིན་གྱི་རྒྱལ་སྲུང་མཉམ་འབྲེལ་གྲོས་མཐུན་བཞག་ནས་ལོ་༧༠་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས། ཁོང་གིས་སྐབས་དེར་མཚོ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་རྒྱ་སྐྱེད་གཏོང་རྒྱུ་དེར་དགའ་བསུ་ཡོད་ཅེས་གཏམ་བཤད་པར་མ་ཟད། ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་ཀྱང་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་སླར་གསོ་བྱ་རྒྱུ་དེར་ཤུགས་སྣོན་བརྒྱབ། ཁོང་གིས་རྒྱ་ནག་ཅེས་དངོས་སུ་མིང་འབོད་མ་བྱས་ཀྱང་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་དེས་ཧྥི་ལི་ཕིན་གྱི་མཚོ་ཁོངས་སུ་རྒྱ་སྐྱེད་གཏོང་གི་འདུག་ཅེས་ངོ་རྒོལ་བྱས་འདུག ལོ་ཤས་གོང་དུ་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཏེས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀའི་མཚོ་དམག་རྣམས་ཧྥི་ལི་ཕིན་ནས་ཕྱིར་འཐེན་བྱ་དགོས་ཞེས་བཀའ་ཕབ།།

གཟའ་ཕུར་བུའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་གསར་འཛུགས། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ཁུར་ཆེ་ཙམ་བླངས་ཏེ་རྒྱ་ནག་གི་ཐོག་ཏུ་བཙན་དྲག་གི་སྲིད་ཇུས་ཤིག་འཛིན་འགོ་ཚུགས། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འགལ་ཟླ་ཆེ་རུ་སོང་སྟེ་འཛམ་གླིང་འདི་ཤོག་ཁག་གཉིས་སུ་ཆད་རྒྱུའི་ཉེན་ཁ་ཆེ། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཨ་རྒྱའི་འབྲེལ་བ་སླར་གསོ་བྱེད་པར་གྲོས་མོལ་གནང་དགོས་ཞེས་འབོད་སྐུལ་ཞུས། ཞིས་ཅིན་ཕིང་གིས་དྲྭ་ལམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམ་ཚོགས་ཆེན་ལ་ང་ཚོས་གྲང་དམག་སློང་གི་མེད། འཛམ་གླིང་འདི་ཤོག་ཁག་གཉིས་སུ་གཏོང་གི་མེད། རྒྱ་ནག་གིས་ནམ་ཡང་རྒྱལ་ཁབ་གཞན་ལ་བཙན་འཛུལ་དང་ཐུབ་ཚོད་བྱས་མྱོང་མེད། བཙན་འཛུལ་དང་ཐུབ་ཚོད་བྱེད་རྩིས་ཀྱང་མེད་ཅེས་བཤད། ཡིན་ནའང་དོན་དངོས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་གྱི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་བ་དང་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་གཏོང་རྒྱུའང་མཚམས་འཇོག་གི་མེད་ཅིང་། སང་ཉིན་གཟའ་པ་སངས་ཉིན་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་དང་རྒྱ་གར་གྱི་སྲིད་བློན། ཨོ་གླིང་གི་སྲིད་བློན་རྣམས་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ཏེ་ཨ་མི་རི་ཀ་དང་ཉི་ཧོང་། རྒྱ་གར་དང་ཨོ་གླིང་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་གྲོས་གཞི་གཙོ་བོ་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་དང་འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་སོགས་ཡིན་མོད། འོན་ཀྱང་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་གཙིགས་སུ་འཛིན་གྱི་ཡོད་པའི་གནད་དོན་དེ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་དང་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG