ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷ་ཌན་གྱི་རྒྱ་ནག་སྲིད་ཇུས་དང་ཕྱོགས་གཉིས་ཀྱི་འབྲེལ་བ། 


༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་དང་དཔལ་འབྱོར་སླར་གསོ། ཨ་རྒྱ་གཉིས་ཀྱི་འབྲེལ་བ་བཟང་པོ་མེད་པའི་དཀའ་ངལ་སེལ་དགོས། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་མང་པོ་སྒོ་ཁྲལ་སྤར་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྣམས་ཉོ་མི་ཆོག་པའི་བཀག་སྡོམ་དང་རྒྱ་ནག་ལ་འཐབ་རྒོལ་བྱས་ནས་རྒྱལ་ཁབ་དེའི་ཚོང་ལས་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ། རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་ལ་ཉེས་ཆད་གཅོད་པའི་སྲིད་ཇུས་ཤིག་ལག་བསྟར། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་ལ་དུས་ཡུན་ཟླ་བ་གཉིས་ཡས་མས་ཤིག་གི་དུས་སྐབས་ལས་མེད་ཀྱང་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་བྱ་རྒྱུ་མཚམས་འཇོག་བྱ་སྲིད་པའི་རྟགས་མཚན་མེད་པ་སྟེ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཊམ་གྱིས་ཨ་མི་རི་ཀའི་བཟོ་ཚོང་ལས་ལས་ཁང་ཁག་གིས་རྒྱ་ནག་གི་དམག་དོན་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་བཀའ་རྒྱ་བཏང་འདུག དེར་བརྟེན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་ཇུས་འདི་རྣམས་རྒྱུན་འཁྱོངས་བྱེད་པའམ། ཡང་ན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༣༦༠་སྒོ་ཁྲལ་སྤར་ནས་ཨ་མི་རི་ཀའི་དངོས་ཟོག་ལོངས་སྤྱོད་པ་ཚོར་ཅ་ལག་གི་རིང་གོང་འཕར་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་ཕྱིར་འཐེན་བྱ་དགོས་མིན་ཚོད་དཔག་མ་ཐུབ་པར་དཀའ་ངལ་འཕྲད་རྒྱུ་ཡིན་འདུག

ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་དང་སི་ཨེན་ཨེན་སོགས་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་གཟབ་ནན་གྱི་སྲིད་ཇུས་ཤིག་འཛིན་དགོས། ཁོང་གི་སློབ་སྟོན་པ་མང་དག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་མང་དག་ཅིག་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་འབྲེལ་བ་གཅོད་ཐབས་ཤིག་རེད། ཨ་མི་རི་ཀས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་གཅོད་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་རྒྱ་ནག་ལ་གནད་དོན་ཁག་ཅིག་གི་ཐོག་ཏུ་མཉམ་འབྲེལ་བྱ་དགོས། དཔེར་ན་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་དང་ནད་ཡམས་སྔོན་འགོག་སོགས་ལ་ཨ་རྒྱ་གཉིས་མཉམ་འབྲེལ་གྱི་སྲིད་ཇུས་འཛིན་དགོས། འཕྲུལ་རིག་ལག་རྩལ་གྱི་འགྲན་སྡུར་དང་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་རིང་ལུགས་ལ་འཐབ་རྒོལ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པ་དང་ཚོང་ལས་ཆ་མཉམ་མིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ཁ་གཏད་གཅོག་དགོས་པའི་ལྟ་ཚུལ་བརྗོད་འདུག གལ་སྲིད་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཉེས་ཆད་གཅོད་པའི་སྲིད་ཇུས་དེ་རྣམས་མཚམས་འཇོག་བྱེད་པའི་དབང་དུ་བཏང་རུང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་རྒྱ་ནག་ཨ་མི་རི་ཀའི་བདེ་འཇགས་ཀྱི་ཉེན་ཁ་ཞིག་ཡིན་པས་དེ་ལ་འགོག་རྒོལ་བྱ་དགོས། རྒྱ་ནག་གིས་དྲང་སྙོམས་མིན་པའི་དཔལ་འབྱོར་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་ཉེས་ཆད་གཅོད་དགོས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པར་ཉེས་ཆད་གཅོད་དགོས། རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་ཨ་མི་རི་ཀས་འགོག་རྒོལ་བྱ་དགོས་ཞེས་བཅའ་ཁྲིམས་སྣ་མང་ཞིག་གཏན་འབེབས་བྱས་ནས་ཇཱོ་བྷ་ཌན་གྱི་སྲིད་གཞུང་ལ་དཀའ་ངལ་འཕྲད་རྒྱུ་རེད་ཅེས་གནས་ཚུལ་སྤེལ་འདུག

ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བྷི་རི་ལི་ཡན་ཊིས་བཤད་པ་ལྟར་ན། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་པའི་སྲིད་ཇུས་མང་དག་ཅིག་གཏན་འབེབས་བྱས་ནས་ཇཱོ་བྷ་ཌན་ལ་འགུལ་སྐྱོད་རྒྱག་སའི་ཁོར་ཡུག་ཡངས་པོ་ཞིག་སྤྲོད་ས་མ་རེད། དུས་ཡུན་གང་འཚམ་ཞིག་གི་རིང་ལ་བྷ་ཌན་གྱི་དུས་སུའང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་ཕྱོགས་སུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པར་རང་སོར་གནས་ས་རེད། ཡིན་ནའང་ཇཱོ་བྷ་ཌན་གྱི་གཞུང་གིས་ཌོ་ནལ་ཊམ་ལྟར་རྒྱ་ནག་ལ་ཚིག་རྩུབ་ཀྱིས་ཁ་རྡུང་བཏང་ནས་ངར་སྐད་སྒྲོགས་པའི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུ་ཡིན་པ་སྔོན་དཔག་བྱེད་ཐུབ་པ་ཞིག་རེད་ཅེས་བཤད། ད་སྔ་ཇཱོ་བྷ་ཌན་གྱིས་ཡུ་རོབ་དང་ཉི་ཧོང་སོགས་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་དཔལ་འབྱོར་ལེགས་བཅོས་གཏོང་དུ་འཇུག་རྒྱུའི་གནོན་ཤུགས་སྤྲོད་རྒྱུ་ཡིན། ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་ལས། བྷ་ཌན་གྱི་སྲིད་གཞུང་གསར་པས་རྒྱ་ནག་ལ་འབྲེལ་བ་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་གྱི་སྲིད་ཇུས་ཞིབ་ཕྲ་ཞིག་ཕྱིར་བསྒྲགས་བྱས་མེད་ཅིང་། ཨ་རིའི་གྲོས་ཚོགས་གོང་འོག་དང་སྲིད་དོན་ཚོགས་པ་གཉིས་ཀས་ཇཱོ་བྷ་ཌན་ལ་ཨ་མི་རི་ཀའི་སྲིད་འཛིན་རིམ་པ་ཞིག་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་བཙུགས། རྒྱ་ནག་གི་དྲང་སྙོམས་མེད་པའི་དཔལ་འབྱོར་སྲིད་ཇུས་ལ་སྒྱུར་བཅོས་གཏོང་དུ་འཇུག་ཐབས་དང་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ལམ་ལུགས་ཁོངས་སུ་མཉམ་ཁྲིད་བྱས་ནས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས་པའི་སྲིད་ཇུས་རྣམས་སླར་ཡང་ལག་ལེན་བསྟར་དུ་འཇུག་རྒྱུ་ཁག་པོ་ཡིན་པའི་རྣམ་པ་ཞིག་ཐོན།།

ལོ་རབས་༩༠་བ་ནས་ཕྱི་ལོ་༢༠༡༦་བར་དུ་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་ཚོས་རྒྱ་ནག་གོ་ལའི་ཚོང་འབྲེལ་ལམ་ལུགས་ནང་དུ་མཉམ་འདྲེས་བྱེད་དུ་བཅུག་ནས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་བྱེད་དུ་འཇུག་རྒྱུའི་སྲིད་ཇུས་ཤིག་བཟུང་། ཕྱི་ལོ་༢༠༠༠་ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་གཏན་འཇགས་དང་སྤྱི་མཚུངས་ཀྱི་ཚོང་འབྲེལ་གནས་བབ་སྤྲོད་དགོས་པའི་གྲོས་ཆོད་བཞག་སྟེ་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་བཅུག ༢༠༡༦་ལོར་ཌོ་ནལ་ཊམ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་རྒྱ་ནག་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས་ཀྱི་འདུག རྒྱ་ནག་ཨ་མི་རི་ཀ་དང་རྒྱལ་སྤྱིའི་ཚོང་ལས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མི་འདུག་ཅེས་སྲིད་ཇུས་ཐ་དད་ཅིག་བཟུང་། ད་ལྟ་ལོ་བཅུ་ཕྲག་གཉིས་ཀྱི་རྗེས་སུ་ཇཱོ་བྷ་ཌན་གྱིས་ཀྱང་རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་དོན་ལམ་སྲོལ་ཁག་བརྩི་འཇོག་མ་བྱས་པར་གོ་སྐབས་འབའ་ཞིག་བླངས་སོང་། ད་ནི་རྒྱ་ནག་ལ་མཁྲེགས་པོ་བྱེད་པའི་ཐབས་ཇུས་ཤིག་འཛིན་དགོས་ཀྱི་འདུག ཨ་མི་རི་ཀས་ངེས་པར་དུ་རྒྱ་ནག་ལ་མཁྲེགས་པོ་བྱ་དགོས་པ་དང་ཞིས་ཅིན་ཕིང་ནི་ཇག་གཙོ་ཞིག་རེད་ཅེས་བསྒྲགས། རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས་པ་དེར་ཨ་རིའི་གྲོས་ཚོགས་ཀྱང་ལངས་ཕྱོགས་གཅིག་གྱུར་ཡིན་པར་མ་ཟད། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་འབྲེལ་བ་ཡོད་པའི་ཁྲིམས་གཞི་བརྒྱ་ཕྲག་མང་པོར་གྲོས་སྡུར་བྱེད་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་དང་སློབ་སྟོན་པ་ཕལ་མོ་ཆེས་ལོ་འདིར་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་པ་ནི་ཏོག་དབྱིབས་རིམས་ནད་ལ་ཐུག་འདུག ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྒྱ་ནག་ཡིན་པས་ཌོ་ནལ་ཊམ་གྱི་སྲིད་དབང་གི་མཇུག་མཐའི་ཟླ་བ་གཉིས་ཀྱི་རིང་དུ་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུ་དང་གནོན་ཤུགས་སྤྲོད་རྒྱུ་མེད་ན་མ་གཏོགས་ཉེས་ཆད་བཅད་ནས་གནོན་ཤུགས་ཡོད་ཚད་སྤྲོད་དགོས། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་ལས་སླ་པོར་འགྱུར་བ་གཏོང་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་ཡོངས་ཕྱིར་ཚོང་ལྷན་ཁང་གི་ཉམས་ཞིབ་པ་ཡར་ཛ་ཞེས་པ་ཞིག་གིས་བཤད་པ་ལྟར་ན། སྲིད་འཛིན་ཌོ་ནལ་ཊམ་གྱིས་མཐའ་མཇུག་གི་དུས་སྐབས་འདིར་སྲིད་འཛིན་གྱི་བཀའ་རྒྱ་བཏང་ནས་ཨ་རི་དང་རྒྱ་ནག་གི་ཚོང་ལས་གྲོས་མཐུན་རིམ་པ་དང་པོའི་འབྲུ་དོན་ཁག་རྒྱ་ནག་གིས་བསྒྲུབས་མ་སོང་ཞེས་རྒྱུ་མཚན་བགྲངས་ནས་རྒྱ་ནག་གི་དངོས་ཟོག་ལ་སླར་ཡང་སྒོ་ཁྲལ་སྤར་སྲིད་པའི་ཉེན་ཁ་ཆེ། ཕྱི་ཟླ་དང་པོའི་ཚེས་༢༠་བར་དུ་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཅི་ཞིག་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཡིན་ནའང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་རྒྱུ་དང་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་གཏོང་རྒྱུ་མཚམས་འཇོག རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་མང་དུ་གཏོང་རྒྱུའི་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟེ་ཚེ། ཇཱོ་བྷ་ཌན་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་ལག་ལེན་བསྟར་པའི་རྒྱ་ནག་གི་སྲིད་ཇུས་ཁག་ཅིག་ལ་འགྱུར་བ་གཏོང་ཐུབ་པའི་གོ་སྐབས་འཐོབ་རྒྱུ་རེད། ཉེ་ཆར་རྒྱ་ནག་གིས་འཕྲུལ་རིག་ལག་རྩལ་རང་མགོ་ཐོན་ཐབས་དང་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ། ཨེ་ཤི་ཡའི་དཔལ་འབྱོར་ཟླ་གྲོགས་ཞེས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཐེ་ལན་ཌི་དང་ཝྭི་ཏེ་ནམ་ཚུད་པའི་ཚོང་ལས་མཉམ་འབྲེལ་མཐུན་ཚོགས་འཛུགས་དགོས་པའི་གྲོས་གཞི་བཏོན་སོང་། རྒྱ་ནག་གིས་ཨ་མི་རི་ཀར་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་རྒྱ་ནག་ལ་འབྲེལ་བ་ཡག་ཏུ་བཏང་ནས་སྲིད་ཇུས་འཇམ་པོ་ཞིག་འཛིན་མི་ཤེས་པ་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད། བྷ་ཌན་གྱི་སློབ་སྟོན་པ་མང་པོ་ཞིག་གིས་ཨ་མི་རི་ཀས་རང་གི་གསར་གཏོད་དང་ཞིབ་འཇུག་གི་ནུས་པ་ཆེ་རུ་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོད་དགོས། རྒྱ་ནག་ལ་རྒྱུག་པ་ལེབ་རྡུང་མིན་པར་ཉེས་ཆད་གཅོད་དགོས་ས་དང་གནོན་ཤུགས་སྤྲོད་དགོས་ས་ཁག་དམིགས་འབེན་དུ་འཛིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས། རྒྱ་ནག་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་ཀྱི་ཡོད་པ་འདིས་ཨ་མི་རི་ཀའི་ཚོང་ལས་དང་འགྲན་སྡུར་གྱི་སྟོབས་ཤུགས་གཅོག་གི་འདུག་ཅེས་ནན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG