ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིས་ཐེ་ཝན་ལ་མཚོ་འོག་དམག་གྲུའི་འཕྲུལ་ཆས་ཕྱིར་ཚོང་། 


༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་དང་ཐེ་ཝན་གྱིས་རང་གི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་གི་ཡོད་པ་སྟེ། ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཆུག་གོ་ཀྲེང་གིས་ཨ་རིའི་སྲིད་གཞུང་གསར་པས་ཐེ་ཝན་ལ་མཚོ་འོག་དམག་གྲུའི་འཕྲུལ་ཆས་ཕྱིར་ཚོང་བྱེད་ཆོག་པའི་ཆོག་མཆན་བཀོད་སོང་། འདི་ནི་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་ཕྱིར་ཚོང་བྱས་པ་ཐེངས་པོ་དེ་ཡིན། མཚོ་འོག་དམག་གྲུའི་འཕྲུལ་ཆས་དེ་རྣམས་ཐེ་ཝན་ལ་ནམ་འབྱོར་གྱི་ཡོད་མེད་ལ་རིམ་གྱིས་གྲོས་སྡུར་བྱ་དགོས། ངས་དུས་ཚོད་ཏག་ཏག་ཅིག་བཤད་དཀའ། ཐེ་ཝན་གྱི་གྲོས་ཚོགས་མ་ཚོགས་སྔོན་འདིར་སྲིད་གཞུང་གིས་ལས་དོན་བསྒྲུབ་དགོས་པ་ཁག་ཅིག་ཡོད་ཅེས་བཤད། ཡིན་ནའང་རྒྱལ་སྲུང་བློན་ཆེན་ཆུག་གོ་ཀྲེང་གིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོ་འོག་དམག་གྲུའི་འཕྲུལ་ཆས་གང་འདྲ་ཞིག་འཚོང་གི་ཡོད་མེད་གསལ་པོར་མ་བསྒྲགས། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཨ་མི་རི་ཀས་ཐེ་ཝན་ལ་མཚོ་འོག་དམག་གྲུའི་འཚོལ་ཞིབ་དང་དམག་འཐབ། བརྙན་ལེན་སོགས་ཀྱི་འཕྲུལ་ཆས་ཀྱི་མ་ལག་མ་འདྲ་བ་ཁག་གསུམ་བཙོང་རྒྱུའི་ཆོག་མཆན་བཀོད་སོང་ཞེས་བཤད་འདུག ཐེ་ཝན་གཞུང་གིས་༢༠༡༦་ལོར་རང་ངོས་ནས་མཚོ་འོག་དམག་གྲུ་བཟོ་རྒྱུ་མགོ་བརྩམས། མཚོ་འོག་དམག་གྲུ་དེ་དག་གི་གལ་ཆེའི་འཕྲུལ་ཆས་རྣམས་ཨ་མི་རི་ཀ་ནས་ནང་འདྲེན་བྱ་རྒྱུ་དང་༢༠༢༥་ལོར་ཐེ་ཝན་གྱི་མཚོ་འོག་དམག་གྲུ་དེ་རྣམས་མཚོ་དམག་ལ་འགྲེམ་སྤེལ་བྱ་རྒྱུ། ཐེ་ཝན་གཞུང་གིས་མཚོ་འོག་དམག་གྲུ་བཟོ་སྐྲུན་ལ་ཨ་སྒོར་དུང་ཕྱུར་༡༧་ཟུར་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་འཁོར་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་པ་སཱུ་ལི་ཝྭན་གཉིས་ཀྱིས་ཨ་ལ་སི་ཁ་མངའ་སྡེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ལ་ཐུག་འཕྲད་བྱ་རྒྱུ། ཁོ་ཚོས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ་བྱ་འཆར་ཡོད་ཀྱང་ཨ་མི་རི་ཀས་དེའི་སྔོན་འདིར་ཐེ་ཝན་ལ་མཚོ་འོག་དམག་གྲུའི་འཕྲུལ་ཆས་བཙོང་རྒྱུའི་ཐག་གཅོད་བྱས་པ་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་འགལ་རྐྱེན་ཞིག་ཏུ་འགྱུར་སྲིད། ཨ་མི་རི་ཀའི་སྲིད་གཞུང་རིམ་པ་ཞིག་གིས་ཐེ་ཝན་ལ་ཆེས་དེང་རབས་ཅན་གྱི་མཚོན་ཆ་རྣམས་བཙོང་རྒྱུ་དེར་ཐེ་ཚོམ་འཛིན་དགོས་པ་ཞིག་ཏུ་གྱུར། དེ་ནི་ཨ་མི་རི་ཀས་ཐེ་ཝན་ལ་ཕར་རྒོལ་གྱི་ནུས་པ་ཡོད་པའི་མཚོན་ཆ་བཙོངས་ན་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ། ད་དུང་ཨ་མི་རི་ཀས་ཆེས་དེང་རབས་ཅན་གྱི་མཚོན་ཆ་རྣམས་ཐེ་ཝན་ནས་རྒྱ་ནག་གི་ལག་ཏུ་འཆོར་སྲིད་པའི་ཉེན་ཁ་ཡོད་པ་བཅས་ཀྱིས་མཚོན་ཆ་དང་འཕྲུལ་རིག་ལག་རྩལ་མང་པོ་ཞིག་བཙོངས་མ་ཕོད། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འཕོ་འགྱུར་མ་སོང་གོང་དེར་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༨༠་ཐམ་པའི་མཚོན་ཆ་སྣ་མང་ཞིག་བཙོང་རྒྱུའི་ཆོག་མཆན་བཀོད། ཌོ་ནལ་ཊམ་གྱིས་ཆོག་མཆན་བཀོད་པ་དེའི་གྲས་སུ་སྔོན་ཆད་ཨ་མི་རི་ཀས་ཐེ་ཝན་ལ་བཙོངས་མེད་པའི་མཚོན་ཆ་དང་འཕྲུལ་རིག་ལག་རྩལ་ཁག་ཀྱང་འདུས། ཌོ་ནལ་ཊམ་གྱི་ལས་དུས་རིང་དེར་༡༩༧༩་ནས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་ཕྱིན་མྱོང་མེད་པ་ཞིག་སོང་། ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཅི་ཙམ་ཡར་རྒྱས་སོང་ན་རྒྱ་ནག་གིས་དེ་ཙམ་གྱིས་ཐེ་ཝན་ལ་གནམ་མཚོ་གཉིས་ནས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་བཏང་འདུག

ཐེ་ཝན་གྱི་དམག་མིས་ཨ་རིས་བཙོངས་པའི་གོ་མཚོན་འགྲེམ་སྟོན།
ཐེ་ཝན་གྱི་དམག་མིས་ཨ་རིས་བཙོངས་པའི་གོ་མཚོན་འགྲེམ་སྟོན།

ཐེ་ཝན་གྱི་ཏན་ཅང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཀྲི་ཀྲུང་གིས་བཤད་པ་ལྟར་ན། སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་ཐེ་ཝན་ལ་མཁོ་བའི་མཚོ་འོག་དམག་གྲུའི་འཕྲུལ་ཆས་སྣ་ག་གཉིས་བཙོང་རྒྱུའི་ཆོག་མཆན་བཀོད་པ་རེད། ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་འཕྲུལ་ཆས་གསུམ་པ་ཞིག་ཐེ་ཝན་ལ་བཙོང་རྒྱུའི་ཆོག་མཆན་བཀོད། ཌོ་ནལ་ཊམ་གྱི་དུས་སུ་ལས་དོན་འགྲུབ་མེད་པ་ཁག་ཅིག་བྷ་ཌན་གྱི་གཞུང་གིས་མཇུག་བསྐྱངས་ནས་འགྲུབ་ཏུ་འཇུག་གི་ཡོད་པ་རེད། བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀྱི་སུ་ཡིན་རུང་ཁྱད་མེད། རྒྱ་ནག་ནི་ཨ་མི་རི་ཀའི་ཁ་གཏད་པ་ཞིག་ལ་འགྱུར་གྱི་ཡོད་པ་དང་ཐེ་ཝན་ཨ་རིའི་མཐུན་གྲོགས་གནད་འགག་ཅན་ཞིག་ཡིན་པ་ངོས་ཟིན་ཡོད་པ་རེད། ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཡར་རྒྱས་བཏང་ནས་རྒྱལ་ཁབ་དེ་དག་ཨ་མི་རི་ཀར་མཐའ་གཅིག་ཏུ་བསྙེ་མི་དགོས་པའི་སྲིད་ཇུས་ཤིག་འཛིན་གྱི་འདུག རྒྱུ་མཚན་དེའི་ཕྱིར་ན་ཨ་མི་རི་ཀས་ཐེ་ཝན་ལ་མཁོ་ངེས་ཀྱི་མཚོ་འོག་དམག་གྲུའི་འཕྲུལ་ཆས་རྣམས་འཚོང་གི་ཡོད་པ་དང་མཚོན་ཆ་ཕྱིར་ཚོང་བྱས་ན་ཨ་རིར་ཁེ་སང་རག་གི་ཡོད་པ་རེད་ཅེས་བཤད། ཨ་མི་རི་ཀའི་དམག་དོན་མི་སྣ་འགའ་ཞིག་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོ་རེད། རྒྱ་ནག་གིས་ཕྱི་ལོ་༢༠༥༠་ཐམ་པའི་ནང་ཚུད་དུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དང་ཐེ་ཝན་པེ་ཅིང་གི་དབང་སྒྱུར་འོག་ཏུ་བསྡུ་རྒྱུའི་དམིགས་ཚད་བཟུང་འདུག གཅིག་བྱས་ན་མ་འོངས་པའི་ལོ་༦་གི་ནང་ཚུད་དུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་ཅེས་ཉེན་བརྡ་བཏང་འདུག

གཟའ་ཕུར་བུའི་ཉིན་རྒྱ་ནག་དང་ཨ་མི་རི་ཀའི་མཐོ་རིམ་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པའི་སྐབས་དེར་ཐེ་ཝན་ནི་གནད་དོན་གཙོ་བོ་དེར་འགྱུར་རྒྱུ་ཡིན་ཞིང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་དང་མཚོ་དམག་གི་སྟོབས་ཤུགས་ཡར་རྒྱས། ཐེ་ཝན་ལ་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་བཀག་ནས་རྒྱལ་སྤྱིའི་ཐོག་ཏུ་འཕག་ས་མེད་པར་བཏང་སྟེ་བཙན་འཛུལ་བྱ་སྲིད། དེ་ལྟར་བྱུང་ན་རྒྱ་ནག་དང་ཐེ་ཝན་གྱི་དམག་འཁྲུག་ཅིག་མིན་པར་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་འཁྲུག་ཅིག་ལ་གྱུར་ཏེ་འཛམ་གླིང་ཧྲིལ་པོར་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་ལྡོག་ཏུ་མེད་ཅིང་། ཨ་མི་རི་ཀའི་ཁེ་ལས་ཉམས་ཞིབ་ཁང་གིས་མཁས་པ་སེ་ཡེར་གྱིས་ཐེ་ཝན་བརྩད་ནས་དམག་འཁྲུག་རྒྱག་རྒྱུ་ནི་བསམ་མི་ཕོད་པ་ཞིག་རེད། ༢༠༣༥་ཡས་མས་ནས་ཐེ་ཝན་གྱིས་རང་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་མིན་ཨ་མི་རི་ཀར་དཀའ་ངལ་ཆེན་པོ་ཞིག་ལ་འགྱུར་རྒྱུ་རེད། རྒྱ་ནག་གི་དམག་དོན་སྟོབས་ཤུགས་སྔར་བཞིན་ཚོད་དཔག་བྱེད་དགོས་པ་ཞིག་མིན་པས་དཀའ་ངལ་འདི་ཨ་རིའི་སྲིད་གཞུང་སྔོན་མ་ཚོས་ཀྱང་སེལ་ཐུབ་མེད། རྒྱ་ནག་གིས་ལོ་རེ་བཞིན་དུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་གི་འདུག བྷ་ཌན་གྱི་སྲིད་གཞུང་གསར་པས་ངེས་པར་དུ་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ནས་མཚོ་གླིང་དེས་རང་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་མཐུན་རྐྱེན་སྦྱོར་དགོས། ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཐད་ཀར་ཐེ་གཏོགས་བྱེད་ན་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ཚུད་རྒྱུ་རེད། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་རྒྱུ་ཅེས་བསྟན། ཐ་ན་༢༠༡༩་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོར་ཐེ་ཝན་དང་རྒྱ་ནག་གི་བར་ཐག་ནི་གོམ་པ་གཉིས་ལྟ་བུ་ཞིག་རེད། ང་ཚོ་ནི་དབྱིན་ལེ་༨༠༠༠་ཐམ་པའི་ཕ་རོལ་ཏུ་ཡོད་པས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཀྱང་ང་ཚོས་དེ་ལ་ཅང་བྱེད་ཐུབ་ས་མ་རེད་ཅེས་ནང་མོལ་བྱས་འདུག

ཨ་མི་རི་ཀ་དང་ཐེ་ཝན་གྱི་དཔལ་འབྱོར་འབྲེལ་བ་རྒྱ་སྐྱེད་དང་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས། སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་འཚམས་འདྲིར་ཕེབས་པ། ཇཱོ་བྷ་ཌན་གྱིས་ཀྱང་ཌོ་ནལ་ཊམ་གྱི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་པར་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུས། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོས་ཀྱང་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ལ་ཐུག་འཕྲད་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་འཛིན་ལ་འགྱུར་བ་གཏོང་གི་མེད་པ་རེད། ཨ་རིའི་དམག་དོན་ཉམས་ཞིབ་པ་མང་དག་ཅིག་གིས་ཞིས་ཅིན་ཕིང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བ་དང་ན་ནིང་རྒྱ་གར་ལ་དམག་འཁྲུག་བསླངས་པ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་གཏོང་གི་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་ནི་ཐེ་ཝན་ཡིན་ཞིང་། ཧོང་ཀོང་དང་རྒྱ་གར་གཉིས་དཔེ་མཚོན་དུ་དྲངས་ནས་རྒྱ་ནག་གིས་ཡ་ཡུག་རྩེད་ཐུབ་ཅེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྟོན་གྱི་ཡོད་པ་རེད། ༢༠༢༠་ལོར་འཛམ་གླིང་ཡོངས་ལ་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཆེན་པོ་ཞིག་ཕྲད་ཀྱང་རྒྱ་ནག་གིས་དམག་གྲུ་གསར་པ་༢༥་མཚོ་དམག་ལ་བཀྲམ་འདུག རྒྱ་ནག་གི་དམིགས་ཡུལ་ས་གནས་ཡིན་རུང་འཛམ་གླིང་ལ་ཁ་གཏད་གཅོག་ཐུབ་པའི་མཚོ་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་འདུག་ཅེས་བཤད། དེ་བཞིན་ཐེ་ཝན་གྱིས་ཀྱང་རང་སྲུང་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་བཏང་སྟེ་རྒྱ་ནག་ལ་ཕར་རྒོལ་བྱེད་ཐུབ་པའི་མཚོན་ཆ་གྲ་སྒྲིག ད་ལྟའི་གནས་སྐབས་སུ་རྒྱ་ནག་ལ་དམག་དཔུང་དང་གནམ་གྲུ། དམག་གྲུ་སོགས་ཀྱི་གྲངས་ཀ་མང་བ་ཡོད་ཀྱང་ཐེ་ཝན་གྱི་གནམ་གྲུ་དང་དམག་གྲུ། མཚོན་ཆ་སོགས་ལྡབ་འགའ་ཞིག་ཡག་ག་ཡོད་པ་རེད།།

XS
SM
MD
LG