ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནད་དུག་གསར་པ་འགོག་པར་སྨན་ཁབ་རྒྱག་དགོས་པའི་ནན་སྐུལ།


༄༅།། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ནས་ཁྱབ་གདལ་བྱུང་བའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་འདི་འགོག་པར་ཨ་རིའི་མི་མང་གིས་ངེས་པར་དུ་ཤུགས་འཕར་འགོག་ཁབ་སྟེ། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གསུམ་པའི་འགོག་ཁབ་རེ་རྒྱག་དགོས་ཞེས་ནན་སྐུལ་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཕྱི་དྲོར་སྲིད་འཛིན་བྷ་ཌན་དང་ཨ་མི་རི་ཀའི་ཏོག་དབྱིབས་ནད་དུག་སྔོན་འགོག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཕོ་བྲང་དཀར་པོར་ཚོགས་འདུ་ཚོགས་ནས་ནད་དུག་གསར་པ་འདིར་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱས་ཤིང་། ཁ་སྔོན་གཟའ་པ་སངས་ཉིན་སྲིད་འཛིན་བྷ་ཌན་གྱིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་༨་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཨ་རིའི་སློབ་སྟོན་ལྷན་ཚོགས་ཀྱི་སྨན་པ་གཙོ་བོ་ཨན་ཐོ་ཎི་ཧྥའོ་ཆིས་གསར་འགོད་པ་ཚོར་ད་ལྟའི་ཆར་ང་ཚོས་ཨོ་མཱི་ཁེ་རོན་ངོ་བོ་མང་འགྱུར་གྱི་ནད་དུག་ཅེས་མིང་བཏགས་ཡོད་པ་འདིའི་ངོ་བོ་ཅི་ཡིན་གསལ་པོ་ཞིག་ཤེས་ཀྱི་མི་འདུག ཡིན་ནའང་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་སྨན་ཐུན་གཉིས་རེ་བརྒྱབ་ཚར་བ་ཚོས་ཤུགས་འཕར་འགོག་ཁབ་སྨན་ཐུན་གསུམ་པ་ཞིག་རྒྱག་དགོས། དེར་བརྟེན་ནད་འགོག་གི་ནུས་པ་ལྡབ་འགའ་ཞིག་ཆེ་རུ་འགྲོ་ངེས་རེད། གལ་ཏེ་ཤུགས་འཕར་འགོག་ཁབ་ལ་ནད་འགོག་གི་ནུས་པ་ཆེན་པོ་ཞིག་མ་ཐོན་ཡང་ནད་དུག་གསར་པ་དེའི་ངར་ཤུགས་གཅོག་ཐུབ་རྒྱུ་ཉག་ཅིག་རེད། སྔ་གཞུག་མ་གཏོགས་ཨ་མི་རི་ཀ་ལའང་ཨོ་མཱི་ཁེ་རོན་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ལྡོག་ཐབས་བྲལ། དེས་ན་ང་ཚོས་ནད་དུག་གསར་པ་འདིར་སྔོན་འགོག་བྱེད་ཐུབ་རྒྱུ་ཡིན་མིན་དང་དེ་ལ་སྔོན་འགོག་གི་གྲ་སྒྲིག་བྱེད་ཐུབ་རྒྱུ་ཡིན་མིན་གྱི་འགག་རྩ་དེར་དམིགས་པ་གཏོད་དགོས་ཞེས་བསྟན།།

ལྷོ་ཨ་ཧྥི་རི་ཀའི་ཚན་རིག་པ་ཚོས་བཤད་པ་ལྟར་ན། ཨོ་མཱི་ཁེ་རོན་ཏོག་དབྱིབས་ནད་དུག་ནི་ངོ་བོ་མང་པོར་འགྱུར་ནས་ཁྱབ་གདལ་གྱི་མྱུར་ཚད་མགྱོགས་པར་མ་ཟད། ནད་དུག་དེར་འགོག་བཅོས་ཀྱི་ཐབས་ལམ་ཅི་ཞིག་ཡོད་མེད་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་ཅེས་གླེང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨོ་མཱི་ཁེ་རོན་ཞེས་པའི་ནད་དུག་གསར་པ་འདི་དང་དེའི་གོང་དུ་བྱུང་བའི་ཌལ་ཊ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་གཉིས་ལ་ཁྱབ་གདལ་མགྱོགས་དལ་གྱི་ཁྱད་པར་ཡོད་མེད་ཐག་གཅོད་བྱེད་དཀའ། ལྷོ་ཨ་ཧྥི་རི་ཀར་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་ཨོ་མཱི་ཁེ་རོན་ནད་དུག་གསར་པ་ཁྱབ་པ་ཡིན་ནམ། ཡང་ན་འགོག་ཁབ་བརྒྱབ་མེད་པ་དང་ནད་དུག་སྔོན་མ་རྣམས་འགོ་ཁྱབ་འགྲོ་བཞིན་ཡོད་པ་ཡིན་མིན་དབྱེ་བ་གསལ་པོ་ཞིག་འབྱེད་ཐུབ་ཀྱི་མི་འདུག ནད་དུག་གསར་པ་དེའི་ཉེན་ཚབས་ཆེ་ཆུང་དང་སྨན་ཁང་དུ་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་མེད་བཅས་ཀྱི་གནས་ཚུལ་གསལ་པོ་ཞིག་མི་འདུག་ཅེས་བསྒྲགས། ལྷོ་ཨ་ཧྥི་རི་ཀའི་ཚན་རིག་པ་ཚོས་འགོག་ཁབ་བརྒྱབ་ཟིན་པའི་མི་ཚོར་ནད་དུག་གསར་འགོད་པ་འདི་འགོ་ཐུབ་མིན་ཞིབ་འཇུག་བྱས་ནས་མྱུར་དུ་གྲུབ་འབྲས་འཐོན་ཐུབ་པའི་རེ་ལྟོས་འཆང་། ཉམས་ཞིབ་པ་ཕལ་ཆེ་བས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ཏུ་འགོག་ཁབ་བརྒྱབ་ཟིན་པའི་མི་ཚོར་ནད་དུག་གསར་པ་འདི་འགོ་ཡི་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཚེ། འགོག་ཁབ་ཀྱིས་ནད་དུག་གསར་པ་འདི་འགོག་ཐུབ་ཀྱི་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་རེད་ཅེས་བཤད། གཟའ་མཇུག་དེར་ཨ་མི་རི་ཀས་ལྷོ་ཨ་ཧྥི་རི་ཀར་འགོག་ཁབ་རོགས་རམ་དགོས་མིན་དྲིས་ཀྱང་ལྷོ་ཨ་ཧྥི་རི་ཀས་འགོག་ཁབ་འདང་ངེས་མེད་པའི་དཀའ་ངལ་མེད། འགོག་ཁབ་ཡོད་པ་རྣམས་བརྒྱབ་མ་ཚར་བའི་དཀའ་ངལ་ཞིག་འཕྲད་ཀྱི་འདུག་ཅེས་ལན་བཏབ།།

ཁ་སང་གཟའ་ཉི་མར་ཕོ་བྲང་དཀར་པོར་ཛ་དྲག་གི་ཚོགས་འདུ་ཚོགས་པའི་སྐབས་སུ་སྨན་པ་ཧྥའོ་ཆིས་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ནད་དུག་གསར་པ་འདིའི་ཁྱབ་གདལ་གྱི་མྱུར་ཚད་དང་ཚབས་ཆེ་ཆུང་། ངོ་བོ་འགྱུར་སྟངས་བཅས་པ་གསལ་པོ་ཞིག་ཤེས་པར་བདུན་ཕྲག་གཉིས་གསུམ་ཞིག་འགོར་ངེས་རེད། སྨན་ཁབ་ལ་ནད་འགོག་གི་ནུས་པ་ཆེན་པོ་ཡོད་པ་བརྗོད་མི་དགོས་པས་ཨ་རི་ཀ་བ་ཚོས་ངེས་པར་དུ་འགོག་ཁབ་རྒྱག་དགོས། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཤུགས་འཕར་འགོག་ཁབ་གསུམ་པ་རེ་རྒྱག་འདོད་ཡོད་མཁན་ཚོར་ས་གནས་སོ་སོར་འགོག་ཁབ་རྒྱག་ས་ཡོད་པའི་མཐུན་རྐྱེན་བསྐྲུན་དགོས་ཞེས་ལམ་སྟོན་ཞུས། སྨན་པ་ཧྥའོ་ཆི་དང་མཁས་པ་ཚང་མས་འགོག་ཁབ་ལ་ནུས་པ་མི་འཐོན་པ་ཞིག་འབྱུང་མི་སྲིད་ཅིང་། ནད་དུག་གསར་པ་འདིར་བློ་འཚབ་ཡོད་ན་སྔོན་ཆད་ཌལ་ཊ་དང་དེའི་སྔོན་དུ་ཏོག་དབྱིབས་ནད་དུག་ཨ་མར་བློ་འཚབ་བྱུང་ནས་འགོག་ཁབ་བརྒྱབ་པ་ལྟར་ད་ཐེངས་ཀྱང་ནད་དུག་གསར་པ་འདིར་འགོག་ཁབ་རྒྱོབ་ཅེས་སྐུལ་ལྕག་བཏང་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་གི་ཉམས་ཞིབ་པ་དང་ཚན་རིག་པ་མང་དག་ཅིག་ལ་མཉམ་འབྲེལ་གྱིས་ད་ལྟ་ཡོད་བཞིན་པའི་འགོག་ཁབ་དེ་ཚོས་ནད་དུག་ཅི་ཙམ་འགོག་ཐུབ་མིན་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བཤད། ད་ལྟ་ཨ་མི་རི་ཀར་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ཨོ་མཱི་ཁེ་རོན་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཡོད་པ་གོ་ཐོས་མེད་ཀྱང་ཨ་རིའི་གཞུང་གིས་གནམ་ཐང་གི་འགྲུལ་པ་ཚོར་བརྟག་དཔྱད་དང་མངའ་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས་སྔོན་འགོག་གི་གྲ་སྒྲིག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དེར་ཤུགས་སྣོན་བརྒྱབ། ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་གྱིས་འགྲིམ་འགྲུལ་བཀག་སྡོམ་དང་རྒྱལ་ཁབ་བྱེ་བྲག་པ་ཁག་ཅིག་མིང་འབོད་བྱས་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་འཁང་ར་བཤད་འདུག

ཉམས་ཞིབ་པ་ཁག་ཅིག་གིས་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གསར་པ་དེ་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་༨་དང་དབྱིན་ཇི། བྷེལ་ཇམ་དང་འཇར་མན་ཎི། ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་ཨི་ཊ་ལི། ནེ་དྷར་ལན་ཌི་དང་ཨི་སི་རལ། ཧོང་ཀོང་དང་ཨོ་གླིང་རྒྱལ་ཁབ། ཁེ་ན་ཌ་བཅས་ལ་ཁྱབ་ཟིན་ཡོད་པས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་འཕྱི་དྲགས་པ་རེད་ཅེས་བསྒྲགས། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཨ་ཧྥི་རི་ཀའི་མི་འབོར་བརྒྱ་ཆ་༢༤་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་མེད་པ་དང་ཨ་མི་རི་ཀ་བ་བརྒྱབ་ཆ་༦༠་མ་ཟིན་ཙམ་ལ་འགོག་ཁབ་བརྒྱབ་ཟིན་ཡོད་པས་ནད་དུག་གསར་པ་དེ་ཁྱབ་གདལ་ཆེན་པོ་ཞིག་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་སྲིད་པའི་སྔོན་འགོག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཚན་རིག་པ་ཚོས་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ཨོ་མཱི་ཁེ་རོན་ཏོག་དབྱིབས་ནད་དུག་འདི་ངོ་བོ་༣༠་ལྷག་ལ་འཕེལ་འགྱུར་འགྲོ་བཞིན་ཡོད་པས་ཨ་མི་རི་ཀ་བ་ཚོར་རྒྱག་བཞིན་པའི་འགོག་ཁབ་ཀྱིས་ནད་དུག་གསར་པ་འདི་འགོག་ཐུབ་རྒྱུ་ཡིན་མིན་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ལྷག་པར་དུ་ཕྱི་ཟླ་༡༡་པའི་ཟླ་མཇུག་འདིར་ཨ་མི་རི་ཀ་བ་ས་ཡ་མང་པོ་དྲིན་གཟོའི་དུས་ཆེན་གྱི་གུང་སེང་ལ་བསྐྱོད་ནས་མི་ཚོགས་འདུས་པ་སོགས་ཀྱིས་ཏོག་དབྱིབས་ནད་དུག་སླར་ཡང་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཀ་ཆེ། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཨ་རིའི་གནམ་ཐང་ཁག་ཏུ་མི་ས་ཡ་༢་དང་འབུམ་༣་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་ཀྱང་མེ་འཁོར་དང་སྒེར་གྱི་རླངས་འཁོར་བཏང་ནས་འགྲིམ་འགྲུལ་བྱས་པ་ཚོར་བརྟག་དཔྱད་བྱེད་ཐུབ་མེད་པ་རེད།།

ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཨ་མི་རི་ཀར་ཁྱབ་སྟེ་ལོ་གཉིས་འགྲོ་གྲབས་ཡོད་ཀྱང་ཨ་རི་བ་མི་གྲངས་ས་ཡ་༦༠་ཐམ་པས་སྔར་བཞིན་ཨུ་ཚུགས་མཐར་སྐྱེལ་གྱིས་འགོག་ཁབ་རྒྱག་རྒྱུ་མིན་པའི་ལངས་ཕྱོགས་བཟུང་། ཨ་རིའི་སྤྱི་ཚོགས་སུ་འགོག་ཁབ་ངེས་པར་དུ་རྒྱག་དགོས་མིན་དང་ཁ་རས་གྱོན་དགོས་མིན། སྤྱི་ཚོགས་རྒྱང་བཀྱེད་བྱེད་དགོས་མིན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་གྱུར་ནས་ལག་ལེན་བསྟར་དཀའ་ཞིག་ཏུ་གྱུར། ཨ་རིའི་སྨན་པ་མཁས་པ་ཚོས་འགོག་ཁབ་བརྒྱབ་མེད་པའི་མི་མང་གིས་འགོག་ཁབ་རྒྱག་དགོས་པ་དང་འགོག་ཁབ་བརྒྱབ་ཟིན་པའི་མི་མང་གིས་ཤུགས་འཕར་འགོག་ཁབ་རེ་རྒྱག་དགོས་ཞེས་བསྐུལ། སྨན་པ་ཧྥའོ་ཆིས་ང་ཚོས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ནད་དུག་གསར་པ་འདིར་གང་ཅིའི་གནས་སྟངས་སྡུག་ཏུ་གཏོང་བའི་གོ་སྐབས་སྤྲོད་མི་ཉན། ང་ཚོ་ནད་དུག་གསར་པ་འདིར་དངངས་སྐྲག་སྐྱེ་དགོས་དོན་མེད། ནད་དུག་འདིའི་ཉེན་ཚབས་ལ་བསམ་བློ་བཏང་ནས་འགོག་ཁབ་རྒྱག་དགོས་ཞེས་བཤད། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སློབ་སྟོན་པ་སྨན་པ་ལི་ན་ཝེན་གྱིས་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་༨་ལ་འགྲིམ་འགྲུལ་བཀག་པ་གཅིག་པུས་འགྲིག་གི་མ་རེད། ཨ་རིའི་སྤྱི་དམངས་དང་གཏན་སྡོད་པ་རྣམས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ནས་ཕྱིར་ལོག་བྱེད་པའི་དུས་སུ་ཟུར་འགོག་དང་བསྐྱར་དུ་བརྟག་དཔྱད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས། དེ་བཞིན་ཨ་མི་རི་ཀར་ཡོང་གི་ཡོད་པའི་རྒྱལ་སྤྱིའི་འགྲུལ་པ་རྣམས་ཀྱང་ཟུར་འགོག་དང་བརྟག་དཔྱད་བྱ་དགོས་ཞེས་ནན་སྐུལ་བྱས་འདུག སྲིད་འཛིན་བྷ་ཌན་གྱིས་འགྲིམ་འགྲུལ་བཀག་སྡོམ་བྱས་པར་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་གཟའ་ཟླ་བའི་ཉིན་སྲིད་འཛིན་བྷ་ཌན་གྱིས་དེ་ལ་ལན་འདེབས་བྱ་རྒྱུ། ད་དུང་ཨ་རིའི་གཞུང་གིས་ནད་འགོག་གི་ཐབས་ཇུས་གསར་པ་ལག་ལེན་བསྟར་རྒྱུ་ཡིན་མིན་རྣམས་གསལ་བསྒྲགས་སྤེལ་རྒྱུའི་འཆར་ཞིག་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG