ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ནས་ངོ་བོ་མང་འགྱུར་གྱི་ནད་དུག་གསར་པ་ཁྱབ་གདལ།


༄༅།། ལྷོ་ཨ་ཧྥི་རི་ཀ་གཙོ་བོར་གྱུར་པའི་ཁུལ་དེའི་རྒྱལ་ཁབ་ཁག་ཏུ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་འགོ་ཚུགས། ཚན་རིག་པ་ཚོས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་སུ་རྩད་གཅོད་བྱུང་བའི་ངོ་བོ་འགྱུར་བའི་ནད་དུག་གསར་པ་དེ་ཧ་ཅང་གི་བློ་འཚབ་བྱེད་དགོས་པ་ཞིག་རེད། ནད་དུག་གསར་པ་དེ་དུམ་བུ་མང་པོར་མཆེད་ནས་ན་གཞོན་ལ་འགོ་སླ་བ་ཞིག་རེད། ལྷོ་ཨ་ཧྥི་རི་ཀའི་མི་འབོར་ཆེས་མང་ཤོས་གོ་ཏེང་ཞིང་ཆེན་གྱི་ན་གཞོན་ཚོར་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་འདི་ཁྱབ་ཀྱི་འདུག་ཅེས་བསྟན། ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་༢༧་གྱིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་མཁའ་ལམ་འགྲིམ་འགྲུལ་འགོག་རྒྱུའི་ཐག་བཅད། དེ་རིང་གཟའ་པ་སངས་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝྭོན་ཌེར་ལེ་ཡེན་གྱིས་ང་ཚོས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོག་ཐབས་སུ་ཚོགས་འཐུས་རྒྱལ་ཁབ་༢༧་ལ་གྲོས་སྡུར་བྱས་ནས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་མཁའ་ལམ་འགྲིམ་འགྲུལ་འགོག་རྒྱུའི་ཐག་བཅད་པ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། འཇར་མན་ཎིའི་འཕྲོད་བསྟེན་བློན་ཆེན་གྱིས་ང་ཚོའི་ཡུལ་ལུང་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་བཀག་སྡོམ་བྱེད་ཐུབ་ཀྱི་མེད་པ་དེའི་ཐོག་ཏུ་ངོ་བོ་འགྱུར་བའི་ནད་དུག་གསར་པ་ཞིག་ཁྱབ་དུ་འཇུག་རྒྱུ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། འཇར་མན་གཞུང་གིས་དོ་དགོང་ནས་ཡུ་རོབ་མཉམ་འབྲེལ་གྱི་ཐག་གཅོད་དེ་ལག་ལེན་བསྟར་སྲིད། ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ནས་ཕྱིར་ལོག་བྱེད་ཀྱི་ཡོད་པའི་གནམ་གྲུ་དེ་ཚོས་འཇར་མན་ཎིའི་སྤྱི་དམངས་རྣམས་མ་གཏོགས་སྐྱེལ་འདྲེན་བྱེད་མི་ཆོག ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ནས་ཕྱིར་ལོག་བྱས་པ་རྣམས་ཉིན་༡༤་ལ་ཟུར་འགོག་བྱ་དགོས། ཁོ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་མེད་ལ་ཁྱད་པར་མེད་ཅེས་བཤད་འདུག

དེང་སྐབས་འཇར་མན་ཎིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཇེ་མང་དང་ཁ་སང་གཟའ་ཕུར་བུའི་བར་དུ་འཇར་མན་པ་༡༠༠༠༠༠་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཕོག ཨི་ཊ་ལིའི་གཞུང་གིས་ལྷོ་ཨ་ཧྥི་རི་ཀ་དང་ལི་སོ་ཐོ། བྷོ་ཛི་ཝ་ན་དང་ཛམ་བྷབ་ཝེ། མོ་ཛམ་བྷིཀ་དང་ན་མཱི་བྷི་ཡ། ཨེ་སི་ཝ་ཊི་ཎི་བཅས་རྒྱལ་ཁབ་ཁག་གི་འགྲུལ་སྐྱེལ་གནམ་གྲུ་རྣམས་ཨི་ཊི་ལིར་ཡོང་མི་ཆོག འདས་པའི་ཉིན་༡༤་ཡས་མས་ཤིག་གི་སྔོན་ནས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་མངའ་ཁུལ་དེར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་འདུག་ཅེས་རྒྱུ་མཚན་བགྲངས། ནེ་དྷར་ལན་ཌིའི་གཞུང་གིས་ཀྱང་ཐབས་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད། རྒྱལ་ཁབ་དེའི་འཕྲོད་བསྟེན་བློན་ཆེན་གྱིས་གོང་འཁོད་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་འདུག དེས་ན་རྒྱལ་ཁབ་དེ་དག་ནས་རང་ཡུལ་ལ་ཕྱིར་ལོག་བྱས་པའི་འགྲུལ་པ་ཚོས་བརྟག་དཔྱད་ཐེངས་གཉིས་རེ་བྱེད་དགོས་པ་དང་ཟུར་འགོག་ཁང་དུ་འདུག་དགོས་ཞེས་བཤད། ཨི་སི་རལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཨི་སི་རལ་གྱི་སྤྱི་དམངས་ཤིག་མཱ་ལ་ཝིར་སོང་སྟེ་ཕྱིར་ལོག་བྱས་པ་དང་། མི་དེར་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་དེ་འགོས་འདུག འདི་ནི་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་དེ་ཨི་སི་རལ་ལ་ཁྱབ་པ་དང་པོ་རེད། འགྲུལ་པ་དེ་དང་རོགས་པ་གཉིས་ཟུར་འགོག་བྱས་ནས་མི་སུ་སུ་ལ་འབྲེལ་བ་བྱུང་ཡོད་མེད་རྩད་གཅོད་བྱེད་ཀྱི་ཡོད། ཁོ་ཚོ་གསུམ་པོས་འགོག་ཁབ་བརྒྱབ་ཡོད་ཟེར་གྱི་འདུག་ཀྱང་བརྟག་དཔྱད་གཟབ་ནན་བྱེད་ཀྱི་ཡོད་ཅེས་བསྒྲགས།།

ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་བཞི་པ་བྱུང་སྟེ་སྲིད་གཞུང་གིས་བསྐྱར་དུ་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་མི་མང་གིས་ངོ་རྒོལ་བྱས་ནས་དཀའ་ངལ་ཇེ་ཆེར་སོང་། ཁ་སང་གཟའ་ཕུར་བུ་ནས་དབྱིན་ཇིའི་གཞུང་གིས་ལྷོ་ཨ་ཧྥི་རི་ཀ་ཚུད་པའི་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་མཁའ་ལམ་འགྲིམ་འགྲུལ་འགོག་རྒྱུའི་གྲོས་གཞི་བཏོན། དེ་རིང་གཟའ་པ་སངས་ཀྱི་ཉིན་གུང་ནས་དབྱིན་ཇིའི་གཞུང་གིས་ལྷོ་ཨ་ཧྥི་རི་ཀ་དང་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ལྔར་མཁའ་ལམ་འགྲིམ་འགྲུལ་འགོག་རྒྱུ་ལག་ལེན་བསྟར། ཉེ་ཆར་དབྱིན་ཇི་བ་སུ་ཞིག་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་ཕྱིན་ཡོད་ན་ངེས་པར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས། ད་ཐེངས་ཀྱི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ནི་སྔོན་མའི་ངོ་བོ་ཉིས་འགྱུར་ཏེ། ཌལ་ཊ་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་ལས་ཀྱང་འགོ་སླ་ཞིང་། ད་ལྟ་བཟོ་སྦྱོར་ཟིན་པའི་སྨན་ཁབ་ཁག་གིས་ཀྱང་ནད་དུག་གསར་པ་འདི་ཡག་པོ་ཞིག་འགོག་མི་ཐུབ་པའི་ཉེན་ཁ་འདུག་ཅེས་དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་གྱིས་གསལ་བསྒྲགས་སྤེལ། ཧྥ་རན་སིའི་གཞུང་གིས་གཟའ་པ་སངས་ནས་ཆུ་ཚོད་༤༨་ལ་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་མཁའ་ལམ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། ད་སྔ་ཧྥི་རན་སིར་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ་ཡོད་པ་རྩད་གཅོད་བྱུང་མ་སོང་། རིམ་བཞིན་གནས་ཚུལ་གསར་པ་འཐོན་རེ་བཞིན་དུ་མི་དམངས་ལ་ཁྱབ་བསྒྲགས་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། ཡུ་རོབ་མཉམ་འབྲེལ་གྱིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་ན་ཧྥ་རན་སིའི་གཞུང་གིས་ཀྱང་ཡུ་རོབ་མཉམ་འབྲེལ་ལ་བསྟུན་དགོས་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ལའང་འགྲུལ་པ་བརྒྱུད་ནས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ། གཟའ་པ་སངས་ཉིན་ཉི་ཧོང་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་མཱ་ཚུ་ནོས་གསར་འགོད་ལྷན་ཚོགས་བསྐོངས་ཏེ་ལྷོ་ཨ་ཧྥི་རི་ཀ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ལྔ་ལ་ཉི་ཧོང་གཞུང་གིས་རེ་ཞིག་མཁའ་ལམ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། ཉེ་ཆར་ཉི་ཧོང་བ་སུ་ཞིག་བྷོ་ཛི་ཝ་ན་དང་ཨེ་སི་ཝ་ཊི་ཎི། ལི་ཐོ་སོ་དང་ན་མཱི་བྷི་ཡ། ལྷོ་ཨ་ཧྥི་རི་ཀ་བཅས་ལ་ཕྱིན་ཡོད་ན་ཉི་ཧོང་གཞུང་གིས་བཀོད་སྒྲིག་བྱས་པའི་ཟུར་འགོག་ཁང་དུ་འདུག་དགོས། གཟའ་སྤེན་པ་ནས་མཁའ་ལམ་འགྲིམ་འགྲུལ་བཀག་སྡོམ་དང་ཟུར་འགོག་རྣམས་ལག་ལེན་བསྟར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག སིངྒ་པུར་གྱི་གཞུང་གིས་གཟའ་ཉི་མ་ནས་ལྷོ་ཨ་ཧྥི་རི་ཀ་གཙོས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་༧་ལ་རེ་ཞིག་མཁའ་ལམ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། སིངྒ་པུར་གྱི་སྤྱི་དམངས་དང་གཏན་སྡོད་པ་མིན་པ་རྣམས་གནས་སྐབས་རིང་སིངྒ་པུར་ལ་ཡོང་མི་ཆོག གོང་འཁོད་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་༧་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་སིངྒ་པུར་གྱི་སྤྱི་དམངས་དང་གཏན་སྡོད་པ་རྣམས་ཉིན་༡༠་ལ་ཟུར་འགོག་བྱ་རྒྱུ་ཡིན། ད་ལྟའི་ཆར་སིངྒ་པུར་གྱི་ས་ཐོག་ཏུ་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ་ཡོད་པའི་རྟགས་མཚན་མི་འདུག་ཅེས་འཕྲོད་བསྟེན་བློན་ཆེན་གྱིས་གསལ་བསྒྲགས་སྤེལ། ད་ལྟའི་བར་དུ་མི་འབོར་ས་ཡ་༥་དང་ཕྱེད་ཀ་ལྷག་ཡོད་པའི་སིངྒ་པུར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་༦༨༡་ལ་འཆི་སྐྱོན་དང་མི་༢༦༠༠༠༠་ལྷག་ལ་ནད་དུག་འགོས།།

ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་མ་ལེ་ཤི་ཡའི་འཕྲོད་བསྟེན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། སང་ཉིན་གཟའ་སྤེན་པ་ནས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་༧་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་མཁན་མ་ལེ་ཤི་ཡའི་སྤྱི་དམངས་རྣམས་ངེས་པར་དུ་ཉིན་༡༤་ལ་ཟུར་འགོག་བྱ་རྒྱུ། ཟུར་འགོག་བྱ་ཡུལ་ནི་རང་ཁྱིམ་མིན་པར་མ་ལེ་ཤི་ཡའི་གཞུང་གིས་བཀོད་སྒྲིག་བྱས་པའི་ཟུར་འགོག་ཁང་དུ་འདུག་དགོས། དེ་བཞིན་འགྲུལ་པ་གཞན་ཚོས་ཀྱང་སོ་སོ་འདས་པའི་ཉིན་༡༤་ལ་ས་གནས་གང་དུ་ཕྱིན་ཡོད་མེད་གསལ་བཀྲོལ་བྱ་དགོས། མ་ལེ་ཤི་ཡའི་གཞུང་གིས་གནས་སྐབས་རིང་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་༧་ལ་མཁའ་ལམ་འགྲིམ་འགྲུལ་འགོག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། གཟའ་པ་སངས་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོ་ཚོགས་འདུ་འཚོགས་ནས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ནད་དུག་གསར་པ་དེའི་ཛ་དྲག་ཆེ་ཆུང་ལ་བརྟག་དཔྱད། ངོ་བོ་འགྱུར་བའི་ནད་དུག་གསར་པ་དེར་གྷེ་རི་སིའི་སྐད་ཡིག་གི་གསལ་བྱེད་ལྟར་མིང་གསར་པ་ཞིག་ཇི་ལྟར་གདགས་དགོས་མིན། འདས་པའི་བདུན་ཕྲག་དེར་ཡུ་རོབ་གླིང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བརྒྱ་ཆ་༡༡་མང་དུ་ཕྱིན་འདུག དགུན་ཁའི་དུས་སུ་ཡུ་རོབ་དང་ཨ་མི་རི་ཀ་སོགས་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཇེ་ཆེར་འགྲོ་སྲིད། ཐབས་རྡུགས་ན་ལོ་རྗེས་མའི་དཔྱིད་ཀའི་བར་དུ་ཡུ་རོབ་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་འབུམ་༧་བརྒལ་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ཐོག་མར་༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་༢་དང་བྱེ་བ་༦་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་གྲངས་ས་ཡ་༥་དང་འབུམ་༤་ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་རེད།།

XS
SM
MD
LG