ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འབྲུག་ཡུལ་གྱི་ཕུན་ཚོགས་གླིང་ལ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན།


༄༅།། འབྲུག་པའི་གསར་ཤོག་ལ་ཕྱི་ཟླ་༤་པའི་ཚེས་༡༦་ནས་ཕྱི་ཟླ་༨་པའི་ཚེས་༡༠་བར་དུ་རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་ཕུན་ཚོགས་གླིང་གྲོང་རྡལ་ལ་འབྲུག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་འགྲོ་འོང་བཀག་སྡོམ་གྱི་སྒོ་རྒྱ་བསྡམས། ད་ལྟ་དུས་ཡུན་ཟླ་བ་༤་ཡས་མས་ཤིག་ཕྱིན་པའི་རྗེས་སུ་འབྲུག་གཞུང་གིས་ཕུན་ཚོགས་གླིང་གྲོང་རྡལ་གྱི་མི་མང་ནར་སོན་པ་ཡོངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་སྟེ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པ་རེད་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༧་པའི་ཟླ་མཇུག་ཏུ་འབྲུག་གཞུང་གི་འཕྲོད་བསྟེན་ལྷན་ཁང་གིས་དུས་ཡུན་བདུན་ཕྲག་གཅིག་གི་ནང་ཚུད་དུ་སྤྱི་དམངས་ནར་སོན་པ་བརྒྱ་ཆ་༩༠་ལྷག་ལ་སྨན་ཐུན་གཉིས་ཀའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆ་ཚང་བརྒྱབ་ཟིན་ཞེས་བསྒྲགས། དཔལ་ལྡན་འབྲུག་གཞུང་གི་གསར་འཕྲིན་ཁག་ཏུ་ཕྱི་ཟླ་༧་པའི་ཚེས་༢༠་ནས་ཚེས་༢༦་བར་དུ་མི་མང་ནར་སོན་པ་བརྒྱ་ཆ་༩༠་དང་གྲངས་ཆུང་༢་ལ་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པར་མ་ཟད། རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆ་༦༡་དང་གྲངས་ཆུང་༨་ལ་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཞེས་བཀོད།།

འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་གྲངས་དུང་ཕྱུར་མང་པོར་ནད་མནར་དང་མི་གྲངས་ས་ཡ་འགའ་ཞིག་ལ་འཆི་སྐྱོན་ཕོག་ཀྱང་འབྲུག་ཡུལ་ལ་མི་འབོར་༧༨༠༠༠༠་ལྷག་ཡོད་པ་དེ་དག་གི་གྲས་སུ་༢༥༠༠་ཡས་མས་ཤིག་ལ་ནད་དུག་འགོས་པ་དང་མི་གསུམ་ལ་མ་གཏོགས་འཆི་སྐྱོན་མ་བྱུང་། འབྲུག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་མི་དམངས་ལ་སྨན་ཁབ་བརྒྱབ་པའི་གྲུབ་འབྲས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོམ་སོ་བྱེད་ཆོག་པ་ཞིག་ཏུ་གྱུར། ལོ་འདིའི་ཕྱི་ཟླ་༤་པའི་ནང་དུ་འབྲུག་གཞུང་གིས་མི་དམངས་ལ་སྨན་ཁབ་དང་པོ་རྒྱག་འགོ་ཚུགས་ཏེ་འབྲུག་རྒྱལ་ཡོངས་སུ་སྨན་ཁབ་རྒྱག་སའི་ས་ཚིགས་༡༢༠༠་སྒོ་ཕྱེ། འབྲུག་པའི་མི་འབོར་ནར་སོན་པ་བརྒྱ་ཆ་༦༤་ལྷག་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། ཕྱི་ཟླ་༨་ཚེས་༡༢་ཉིན་ཨ་རིའི་ལཱོན་ཌལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐོན་མ་ཐག་ཏུ་འབྲུག་གཞུང་གིས་རྒྱ་གར་དང་ཡུ་རོབ་རྒྱལ་ཁབ་ཌན་མག ཁུ་རོ་ཤི་ཡ་དང་བྷལ་གྷེ་རི་ཡ་བཅས་ནས་དབྱིན་ཇིས་བཟོས་པའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་ཁབ་ནང་འདྲེན་བྱས་ཤིང་། ཨ་མི་རི་ཀ་ནས་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ནང་འདྲེན་བྱས་འདུག

ཕྱི་ཟླ་༨་པའི་ཚེས་༦་ཉིན་བལ་ཡུལ་གྱིས་རེ་སྐུལ་ལྟར་འབྲུག་གཞུང་གིས་སྨན་ཁབ་ལྷག་འཕྲོ་རྣམས་བལ་ཡུལ་ལ་མཁོ་འགྲེམ་བྱས་ཡོད་པ་སྟེ། འབྲུག་གཞུང་གིས་དབྱིན་ཇིའི་བཟོས་པའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་ཁབ་༢༣༠༠༠༠་ཐམ་པ་བལ་ཡུལ་ལ་མཁོ་འགྲེམ་བྱས་ཤིང་། བལ་ཡུལ་གྱི་སྲིད་བློན་ཤཱེར་བྷ་དྷུར་དྷོ་ཡེ་བྷས་ང་ཚོས་ཏོག་དབྱིབས་ནད་དུག་ལ་གདོང་ལེན་དང་ནད་ཡམས་ཀྱི་དཀའ་ངལ་མྱོང་བཞིན་པའི་དུས་སུ་འབྲུག་གཞུང་གིས་མཛའ་བརྩེའི་སྒོ་ནས་བལ་ཡུལ་ལ་སྨན་ཁབ་མཁོ་འགྲེམ་གནང་བར་དགའ་བསུ་ཞུ། ངས་འབྲུག་ཡུལ་གྱི་རྒྱལ་པོ་མཆོག་དང་སྲིད་བློན་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོས་བལ་ཡུལ་ལ་སྐྱིད་སྡུག་མཉམ་མྱོང་དང་སྨན་ཁབ་༢༣༠༠༠༠་མཁོ་འགྲེམ་གནང་བར་རྗེས་སུ་ཡི་རང་ཞུ། ཕྱིས་སུ་བལ་ཡུལ་གྱིས་འབྲུག་ཡུལ་ལ་དྲིན་ལན་འཇལ་ངེས་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཐོག་མར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་འབྲུག་ཡུལ་ནི་རྒྱལ་ཁབ་ཕྱི་ལ་འགྲིམ་འགྲུལ་སོགས་ཀྱི་འབྲེལ་བ་ཆེན་པོ་མེད་ཅིང་། ལྷག་པར་དུ་འབྲུག་ཡུལ་ལ་མི་འབོར་ཉུང་བ་བཅས་ཀྱིས་ཏོག་དབྱིབས་ནད་དུག་ཚབས་ཆེན་ཞིག་ཁྱབ་མི་ཐུབ་པའི་རེ་ལྟོས་འཆང་། ཡིན་ནའང་ཁ་སྔོན་ཕྱི་ཟླ་༤་པ་ནས་རྒྱ་གར་དང་བལ་ཡུལ་སོགས་ལ་ནད་རླབས་གཉིས་པ་འཕྱུར་པའི་རྗེས་སུ་འབྲུག་གཞུང་གིས་འཕྲལ་དུ་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་གཙིགས་སུ་བཟུང་། ཌེལ་ཊ་ཞེས་འབོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འདི་ཚབས་ཆེན་ཞིག་ཡིན་པར་ངོས་འཛིན་བྱས་ནས་ནད་ཡམས་སྔོན་འགོག་གི་ལས་དོན་ཁག་ཤུགས་ཆེན་པོ་ཞིག་བསྒྲུབས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG