ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རེབ་གོང་ས་གནས་ཀྱི་ལོ་རྒྱུས་མདོར་བསྡུས།


ད་རིང་ཕྱི་ཟླ་༣་ཚེས་༡༤་ཉིན་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་བ་འཇམ་དབྱངས་དཔལ་ལྡན་གྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་མི་མང་གི་ཐོག་ཏུ་དྲག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དེར་ངོ་རྒོལ་བྱེད་ཡུལ་གྱི་ས་གནས་དེ་ནི། དེང་སྐབས་རྒྱ་ནག་གཞུང་གིས་ཆ་བགོ་བྱས་ཡོད་པའི་མཚོ་སྔོན་ཞིང་ཆེན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུང་རེན་རྫོང་གི་ཁོངས་སུ་ཡོད་ཅིང་། སྔོན་ཆད་བོད་ཀྱི་ལོ་རྒྱུས་སུ་དུས་རབས་༡༣་པའི་ནང་ལ་ས་སྐྱ་པས་བོད་ཀྱི་སྲིད་དབང་བཟུང་ནས་བཟུང་།

མདོ་སྨད་རེབ་གོང་ས་ཁུལ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སློབ་མ་ལྷ་རྗེ་བྲག་སྣ་བ་དང་། དེ་ནས་བརྒྱུད་པའི་རོང་པོ་ནང་སོ་རིམ་པས་དབང་སྒྱུར་བྱས་ཡོད་པ་རེད། རང་ལོ་༣༨་ལ་སོན་པའི་རང་ལུས་མེར་སྲེག་གཏོང་མཁན་འཇམ་དབྱངས་དཔལ་ལྡན་ནི་རོང་པོ་དགོན་ཆེན་གྱི་གྲྭ་བ་ཞིག་ཡིན་ཞིང་། ཐོག་མར་༡༣༤༢་ལོར་རོང་པོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཆོས་སྡེ་ཆེན་པོ་རོང་པོ་དགོན་ཆེན་གསར་དུ་ཕྱག་བཏབ་པའི་ས་སྐྱ་པ་དང་བཀའ་གདམས་པ་འདྲེས་མའི་ཆོས་རྒྱུད་འཛིན་པའི་དགོན་པ་ཞིག་ཡིན་རུང་། ཕྱིས་སུ་༡༦༣༠་ཐམ་པའི་ལོར་ཤར་སྐུ་ཕྲེང་དང་པོ་རྗེ་སྐལ་ལྡན་རྒྱ་མཚོས་རི་བོ་དགེ་ལུགས་པའི་དགོན་པ་ཞིག་ལ་བསྒྱུར་པ་དང་ཤར་སྐུ་ཕྲེང་དང་པོས་རོང་པོ་གྲྭ་ཚང་གསར་དུ་བཏབ། ད་ལྟ་རོང་པོ་དགོན་ཆེན་ལ་ཐོས་བསམ་གླིང་དང་རྒྱུད་པ། དུས་འཁོར་བཅས་གྲྭ་ཚང་གསུམ་ཡོད་པ་མ་ཟད། འདས་པའི་ལོ་ངོ་༦༠༠་ལྷག་གི་རིང་དེར་རོང་པོ་དགོན་ཆེན་གྱིས་བོད་པའི་ཆོས་དང་རིག་གཞུང་གཉིས་འཛིན་སྐྱོང་སྤེལ་གསུམ་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཞིག་ཕུལ་ཡོད་པ་དང་། ད་དུང་མདོ་སྨད་རེབ་གོང་ས་ཁུལ་ལ་རི་བོ་དགེ་ལུགས་པ་གཅིག་པུ་མིན་པར་སྔ་འགྱུར་རྙིང་མ་པ་དང་བོན་པོའི་ཆོས་རྒྱུད་འཛིན་པའང་མང་དག་ཅིག་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་དེབ་ཐར་ཁག་ཏུ་ས་གནས་དེར་རེབ་གོང་རིག་པ་འབྱུང་གནས་ཞེས་གྲགས་པ་ལྟར་རེབ་གོང་ས་ཁུལ་དེ་ཉིད་ལྷ་བཟོ་མཁས་པ་དང་ལག་རྩལ་མཁས་པ། རིག་གནས་མཁས་པ་དང་རྩོམ་པ་པོ། སྙན་ངག་པ་སོགས་མིང་དོན་མཚུངས་པའི་བོད་ཀྱི་རིག་གནས་བཅུའི་མཁས་པ་མང་པོ་ཞིག་འབྱུང་སའི་ལྟེ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༠༨་ལོར་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་སྐབས་སུའང་རེབ་གོང་ས་ཁུལ་གྱི་བོད་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་རབ་དང་རིམ་པ་ཞིག་བྱས་ཡོད། ཕྱི་ལོ་༢༠༠༥་ལོར་༧གོང་ས་མཆོག་གིས་ཨམ་ར་ཝ་ཏིའི་དུས་འཁོར་དབང་ཆེན་སྐབས་སུ་བོད་པ་ཚོར་རང་གི་ཆས་གོས་ལ་སྟག་ལྤགས་གཟིག་ལྤགས་དང་། སྲམ་ལྤགས་སོགས་ཀྱིས་མཐའ་ཤོམ་རྒྱག་པའི་ལུགས་སྲོལ་ཞིག་དར་ཡོད་པ་མཚམས་འཇོག་བྱེད་དགོས་པའི་བཀའ་སློབ་གནང་སྟེ། བོད་གངས་ཅན་གྱི་ལྗོངས་སུ་སྲང་ལྤགས་དང་སྟག་ལྤགས་གཟིག་ལྤགས་མེར་སྲེག་གཏོང་བའི་ལས་འགུལ་དེའི་གོམ་པ་དང་པོ་མདོ་སྨད་རེབ་གོང་ས་ཁུལ་དུ་འགོ་བརྩམས་ཤིང་། ཡང་ཕྱི་ལོ་༢༠༡༠་ལོར་རེབ་གོང་ས་ཁུལ་གྱི་བོད་ཕྲུག་སློབ་མ་བརྒྱ་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་ཆེད་དུ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། རྒྱ་ནག་གཞུང་གིས་བོད་ཡིག་གཅིག་པུ་ལས་དེ་མིན་གྱི་སློབ་ཚན་ཐམས་ཅན་རྒྱ་ཡིག་རྒྱ་སྐད་ནང་དུ་སློབ་ཁྲིད་བྱེད་དགོས་པའི་སྲིད་ཇུས་དེར་མོས་མཐུན་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཏེ། ཉེ་བའི་ལོ་ངོ་འགའ་ཞིག་ནས་རྒྱ་ནག་གཞུང་གིས་རོང་པོ་དགོན་ཆེན་དང་རེབ་གོང་ས་ཁུལ་ཡོངས་ལ་དམག་དང་དྲག་ཆས་ཉེན་རྟོག་པ། གསང་བའི་ཉེན་རྟོག་པ་དང་དཀྱུས་ཆས་གྱོན་པའི་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམ་འཇོག་བྱས་པ་དང་ས་གནས་དེའི་བོད་པ་སེར་སྐྱ་མང་ཚོགས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG