ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

པེ་ཅིང་ལ་རྩེད་འགྲན་མ་ཚོགས་སྔོན་འདིར་ཏོག་དབྱིབས་ནད་དུག་ཁྱབ་གདལ། 


༄༅།། ད་ལྟ་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུ་དེར་དུས་ཡུན་བདུན་ཕྲག་གཉིས་ལས་མེད་པའི་མཚམས་སུ་པེ་ཅིང་ལ་མུ་མཐུད་དུ་ཏོག་དབྱིབས་ནད་དུག་ཁྱབ། ཁ་སང་གཟའ་ཉི་མ་ནས་པེ་ཅིང་གྲོང་ཁྱེར་གཞུང་གིས་སླར་ཡང་ནད་དུག་སྔོན་འགོག་གི་ཐབས་ཇུས་གསར་པ་ཁག་ཅིག་ལག་ལེན་བསྟར། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡་ཚེས་༢༢་ཉིན་པེ་ཅིང་གྲོང་ཁྱེར་ལ་ས་གནས་རང་དུ་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༩་ཐོན། ནད་པ་༦་པེ་ཅིང་གི་ཧྥེང་ཐེ་རྫོང་དུ་ཐོན་ཡོད་པས་ས་གནས་དེའི་གྲོང་མི་ཡོད་དོ་ཅོག་ལ་བརྟག་དཔྱད་བྱ་རྒྱུའི་ཐག་བཅད། ཁ་སང་གཟའ་ཉི་མའི་ཉིན་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཚོས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཧྥེང་ཐེ་རྫོང་གི་ཉེ་འཁོར་གྱི་ས་གནས་ཁག་གི་གྲོང་མི་རྣམས་པེ་ཅིང་གྲོང་ཁྱེར་ནས་ས་གནས་གཞན་ལ་འགྲིམ་འགྲུལ་བྱེད་མི་ཆོག ཧྥེང་ཐེ་རྫོང་གི་གྲོང་མི་ཚོར་མི་ཚོགས་འདུ་འཛོམ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཅེས་འགོག་མགོ་བརྩམས། པེ་ཅིང་གྲོང་ཁྱེར་གཞུང་གིས་མི་གང་ཞིག་ལ་ཕྱི་རྒྱལ་ནས་སྦྲག་ཡིག་དང་བསྐུར་མ་སོགས་འབྱོར་ཏེ་ཉི་མ་བཅུ་བཞིའི་ནང་ཚུད་དུ་མི་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ལྟ་བུའི་ནད་རྟགས་ཐོན་ན་ས་གནས་དེའི་མི་མང་ཡོད་ཚད་ལ་བརྟག་དཔྱད་བྱ་དགོས། ཧྥེང་ཐེ་རྫོང་ཁོངས་ཀྱི་བྱིས་པ་སྨན་ཁབ་བརྒྱབ་མེད་པ་རྣམས་སྔོན་འགྲོའི་སློབ་གྲྭར་ཡོང་མི་ཆོག་ཟེར་གྱི་འདུག་ཅེས་ཕ་མ་གཉིས་ཀྱིས་རོ་ཡེ་ཊར་གསར་ཁང་གི་གསར་འགོད་པར་བཤད། པེ་ཅིང་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁེ་ན་ཌ་ནས་འབྱོར་བའི་བསྐུར་མ་ཞིག་གི་ཕྱི་ཐུམ་ལ་འགོས་ནས་ཁྱབ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་པེ་ཅིང་གི་ཧྥེང་ཐེ་རྫོང་དུ་འགོག་ཁབ་མ་བརྒྱབ་པའི་བྱིས་པ་ཚོ་སྔོན་འགྲོའི་སློབ་གྲྭར་བཏང་མི་ཆོག་ཅེས་འགོག་གི་ཡོད་པ་རྒྱ་ནག་གཞུང་གི་སྒྲིག་ཁྲིམས་ཡིན་ནམ། ཡང་ན་སྔོན་འགྲོའི་སློབ་གྲྭ་དེའི་སྒྲིག་ཁྲིམས་ཡིན་མིན་ངེས་གཏན་མ་ཐུབ། རུས་མིང་ཝང་ཞེས་པའི་ཨ་མ་ཞིག་གིས་ངའི་ཕྲུ་གུ་ཧྥེང་ཐེ་རྫོང་གི་སྒེར་གཉེར་སྔོན་འགྲོའི་སློབ་གྲྭ་འགྲིམ་གྱི་ཡོད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་དགེ་རྒན་ཞིག་གིས་ང་ལ་གཟའ་ཟླ་བ་ནས་འགོག་ཁབ་བརྒྱབ་མེད་པའི་བྱིས་པ་ཚོ་སློབ་གྲྭར་ཡོང་ཆོག་གི་མ་རེད། འདི་ནི་གཞུང་གི་སྒྲིག་གཞི་གསར་པ་རེད་ཅེས་བཤད་ཀྱང་ང་ལ་ཡིག་ཆ་སོགས་གང་ཡང་བསྟན་མ་བྱུང་། ང་ཚོར་གདམ་ཀ་ཡོད་པ་ཞིག་མིན་པར་བཙན་དབང་རེད། ངས་སློབ་གྲྭའི་ཆ་རྐྱེན་དེ་ཕྱིར་བསྡུ་བྱེད་དུ་འཇུག་ཐབས་སུ་འབྲེལ་ཡོད་ལས་སྣེ་ཚོར་ངོ་རྒོལ་གྱི་སྙན་ཞུ་འབུལ་འཆར་ཡོད་ཅེས་བཤད། གཟའ་སྤེན་པའི་ཉིན་པེ་ཅིང་གྲོང་ཁྱེར་གྱི་ནད་འགོག་ཁང་གི་ལས་སྣེ་པང་ཤཱིང་ཧུག་གིས་ཕྱི་ཟླ་༡་ཚེས་༡༥་ནས་པེ་ཅིང་གི་ས་གནས་ཁག་ལྔའི་མི་༢༧་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧྥེང་ཐེ་རྫོང་ནི་པེ་ཅིང་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་གཙོ་བོ་ཡིན་པ་དང་ས་གནས་དེའི་གྲོང་མི་ས་ཡ་༢་ལ་བརྟག་དཔྱད་བྱེད་ཀྱི་འདུག པེ་ཅིང་གྲོང་ཁྱེར་གཞུང་གི་མགྲིན་ཚབ་པ་ཤུའི་ཧོ་ཅན་གྱིས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་འགོག་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་རྒྱུན་བསྐྱངས།།

རྒྱ་ནག་གི་ཧར་པིན་གྲོང་ཁྱེར་གཞུང་གིས་གཟའ་ཟླ་བ་ནས་གྲོང་མི་ས་ཡ་༡༠་ལ་བརྟག་དཔྱད་བྱ་རྒྱུ་ཡིན། ཉེ་བའི་དུས་སུ་ས་གནས་དེར་ཏོག་དབྱིབས་ནད་དུག་འགོ་ཁྱབ་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་མེད་ཀྱང་རྒྱ་ནག་གི་ལོ་གསར་སྔོན་དེར་ནད་དུག་ཁྱབ་གདལ་སྔོན་འགོག་བྱེད་པར་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་གྲོང་ཁྱེར་གཞུང་གི་སྐད་འཕྲིན་ནང་དུ་ཐག་གཅོད་ཀྱི་གསལ་བསྒྲགས་སྤེལ། རྒྱ་ནག་གི་གྲོང་ཁྱེར་མང་དག་ཅིག་གིས་གྲོང་མི་རྣམས་འགྲིམ་འགྲུལ་བྱ་རྒྱུ་གཡོལ་དགོས། གལ་སྲིད་གྲོང་ཁྱེར་ཞིག་ལ་འགྲིམ་འགྲུལ་བྱ་འཆར་ཡོད་ན་ས་གནས་དེར་མ་འབྱོར་གོང་དུ་དེའི་སྔོན་གྱི་འགྲིམ་འགྲུལ་གྱི་ཟིན་ཐོ་རྣམས་ས་གནས་དེར་སྙན་སེང་ཞུ་དགོས་པའི་ཁྲིམས་ཤིག་གཏན་ལ་ཕབ། འོན་ཀྱང་རྒྱ་ནག་གི་ཧོ་ནན་ཞིང་ཆེན་གྱི་རྫོང་ཞིག་གི་ལས་སྣེ་ཚོས་མི་ཁག་ཅིག་གིས་འགྲིམ་འགྲུལ་ལ་འཛེམ་ཟོན་བྱེད་དགོས་པའི་བཀོད་འདོམས་ཁག་ལ་སྣང་མེད་གཏོང་བ་དང་བསམ་ངན་འཆང་ནས་རང་ཁྱིམ་དུ་ལོག་ཡོང་མཁན་འགའ་རེ་འདུག མི་དེའི་རིགས་རྣམས་ཟུར་འགོག་བྱས་ནས་བཀག་ཉར་བྱ་རྒྱུ་ཡིན་ཞེས་བསྒྲགས་པར་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁ་རྡུང་དྲག་པོ་ཕོག དེར་བརྟེན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་གྱི་ཝི་པོ་དྲྭ་ཚིགས་སུ་ལོ་གསར་གྱི་དུས་སུ་རང་ཁྱིམ་དུ་ལོག་རྒྱུ་ནི་འགྲོ་བ་མིའི་རང་གཤིས་རེད། ནད་ཡམས་སྔོན་འགོག་དང་བཀག་སྡོམ་བྱ་རྒྱུ་ཡང་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་ང་ཚོས་ཚན་རིག་དང་ཁྲིམས་ལ་མཐུན་པའི་སྒོ་ནས་ནད་ཡམས་འགོག་དགོས། ང་ཚོས་ནད་འགོག་གི་ཐབས་ཇུས་གཅིག་ཀུན་ལ་བཀོལ་སྤྱོད་བྱེད་མི་ཉན། རང་ཁྱིམ་དུ་ལོག་འདོད་ཡོད་པ་ཚང་མར་བྱམས་བརྩེའི་སྒོ་ནས་ལྟ་སྐྱོང་བྱ་དགོས་ཞེས་རྩོམ་ཡིག་སྤེལ། རྒྱ་ནག་གི་ས་གནས་ཁག་ཅིག་གིས་ནད་འགོག་གི་སྲིད་ཇུས་ཐལ་དྲགས་པ་ཞིག་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚོན་ཐོན།།

རྒྱ་ནག་གི་གྲོང་ཁྱེར་ཕལ་ཆེ་བས་མི་ཞིག་ལ་གནམ་ཐང་དུ་ནད་རྟགས་ཐོན་པ་དང་དེའི་རྗེས་སུ་ནད་རྟགས་མ་ཐོན་ཡང་བསྐྱར་དུ་བརྟག་དཔྱད་བྱ་དགོས། མི་དེར་བསྐྱར་དུ་བརྟག་དཔྱད་བྱས་ནས་ནད་རྟགས་མེད་པའི་རྟགས་མཚན་མ་ཐོན་བར་དུ་འགྲོ་རུ་འཇུག་མི་ཆོག རྒྱ་ནག་གི་ས་གནས་ཁག་ཏུ་ནད་རྟགས་མ་ཐོན་པ་མང་དག་ཅིག་ལ་ཉིན་ཤས་རྗེས་སུ་བསྐྱར་དུ་ནད་རྟགས་ཐོན་གྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༢་པའི་ཚེས་༤་ནས་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་སྔར་ལས་ལྷག་པའི་ནད་འགོག་གི་སྒྲིག་ཁྲིམས་རྣམས་དམ་དུ་གཏོང་རྒྱུ་ཤུགས་ཆེ་རུ་སོང་། བྷ་རེན་མེཀ་ལོ་སི་ཀི་ཞེས་པའི་པེ་ཅིང་གི་༢༠༢༢་ལོའི་ཨོ་ལིམ་ཕིཀ་རྩེད་འགྲན་སྨན་བཅོས་མཁས་པའི་ལྷན་ཚོགས་ཀྱི་འགོ་ཁྲིད་དེས་ང་ཚོ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ལ་བློ་འཚབ་ཆེན་པོ་འདུག ནད་དུག་སྔོན་འགོག་ཆེད་དུ་ཨོ་ལིམ་ཕིཀ་རྩེད་འགྲན་པ་རྣམས་དང་རྒྱ་ནག་མི་དམངས་རྣམས་གཏན་ནས་འབྲེལ་བ་འབྱུང་ཐུབ་ས་མ་རེད། ང་ཚོས་ཕྱི་ཟླ་༡་ཚེས་༤་ནས་ཚེས་༢༢་བར་དུ་མི་༣༤༠༠༠༠་ལ་བརྟག་དཔྱད་བྱས་པ་ཡིན། མི་༧༢་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་ཞེས་བཤད། འཇར་མན་ཎིའི་རྩེད་འགྲན་པའི་དགེ་རྒན་ཁག་ཅིག་གིས་རྒྱ་ནག་གིས་བརྟག་དཔྱད་བྱས་པའི་གྲུབ་འབྲས་དེ་དག་ཚད་ལྡན་ཞིག་ཡིན་མིན་ཐེ་ཚོམ་རེད། རྒྱ་ནག་གཞུང་གིས་ནད་རྟགས་ཐོན་པའི་གྲངས་འབོར་ཁག་ཅིག་སྦ་གསང་བྱེད་ཀྱི་ཡོད་སྲིད་ཅེས་དོགས་པ་བསླངས། ༢༠༢༢་ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྨན་བཅོས་མཁས་པའི་ལྷན་ཚོགས་ཀྱི་འགོ་ཁྲིད་མེཀ་ལོ་སི་ཀིས་རྒྱ་ནག་གིས་བརྟག་དཔྱད་བྱས་པ་རྣམས་རྒྱལ་སྤྱིའི་ཚད་གཞི་ལྡན་པ་ཞིག་རེད་ཅེས་དོགས་པ་སེལ། རྩེད་འགྲན་པ་༣༠༠༠་ཡས་མས་ཤིག་པེ་ཅིང་གི་རྩེད་ལ་འགྲན་ལ་མཉམ་ཞུགས་བྱ་རྒྱུའི་ཚོད་དཔག་བྱས་འདུག

རྒྱ་གར་གྱི་ཚན་རིག་དང་ཤེས་ཡོན་ཞིབ་འཇུག་ཁང་གི་སྨན་པ་ཝི་ནི་ཏ་བྷལ་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་ལ་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་ནི་མི་དམངས་ལ་ནད་དུག་འགོ་རུ་མ་བཅུག་པས་རེད། མི་དམངས་ཀྱི་ལུས་ལ་ནད་འགོག་ཟུངས་ཤུགས་ཆགས་མ་ཐུབ་པ་དང་སྨན་ཁབ་གཅིག་པུས་ཕན་ཐོགས་ཀྱི་མེད་པའི་རྟགས་མཚན་རེད། ད་ལྟ་ཨོ་མི་ཁོ་རོན་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གིས་བསྐྱར་དུ་སྒོ་འབྱེད་རྒྱུ་ནི་ཉེན་ཁ་ཆེན་པོ་ཞིག་རེད། ཨོ་མི་ཁོ་རོན་གྱི་གཞུག་ཏུ་ངོ་བོ་གཞན་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་གང་འདྲ་ཞིག་འབྱུང་རྒྱུ་ཡིན་པ་དང་དེའི་ངོ་བོ། ཉེན་ཚབས་སོགས་བཤད་དཀའ་བ་ཞིག་རེད་ཅེས་བསྟན། ཨ་རིའི་ཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་སློབ་དཔོན་དབྱང་ཏ་ལིས་རྒྱ་ནག་གི་འགོ་ཁྲིད་ཚོས་མི་དམངས་ཀྱི་ཚེ་སྲོག་སྐྱོབ་ཀྱི་ཡོད་ཅེས་སྒོ་རྒྱ་བསྡམས་པ་རེད། ད་ལྟ་སྒོ་ཕྱེ་ནས་མི་གྲངས་ས་ཡ་མང་པོར་ཏོག་དབྱིབས་ནད་དུག་འགོས་ན་སྒོ་རྒྱ་བསྡམས་པ་དེར་ཕན་ཐོགས་མ་བྱུང་བ་ར་འཕྲོད་རྒྱུ་ཡིན་པས་མི་དམངས་ལ་འགྲེལ་བཤད་ཇི་ལྟར་རྒྱག་ཐུབ། རྒྱ་ནག་གི་འགོ་ཁྲིད་ཚོ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད་པ་རེད་ཅེས་བཤད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ནད་འགོག་སྲིད་ཇུས་འཕྱུག་མེད། ནུབ་ཕྱོགས་ཀྱི་གུ་ཡངས་དམངས་གཙོའི་རྒྱལ་ཁབ་ཁག་གི་ནད་འགོག་ཐབས་ཇུས་ལས་ཀྱང་རྒྱ་ནག་གི་ནད་འགོག་ཐབས་ཇུས་ལ་ནུས་པ་ཐོན་ཡོད་ཅེས་སྒྲོགས་ཀྱི་ཡོད་མོད། འོན་ཀྱང་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་མཁས་པ་ཝི་ལི་ལེམ་གྱིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཤུགས་ཆེན་པོ་ཞིག་ཁྱབ་གདལ་སོང་ན་དམར་ཤོག་གི་འགོ་ཁྲིད་ཚོར་འཇོན་ཐང་མེད་པ་ཐེར་འདོན་འབྱུང་ཤས་ཆེ་ཞེས་བསྟན། ཨོ་ལིམ་ཕིཀ་རྩེད་འགྲན་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་སྣེ་ཚོས་པེ་ཅིང་གི་རྩེད་འགྲན་དེར་མགྲོན་འབོད་བྱས་པའི་སྐུ་མགྲོན་ཁག་ཅིག་ལྟད་མོར་ཕེབས་ཀྱི་ཡོད། ཕྱི་རྒྱལ་གྱི་ལྟད་མོ་བ་རྣམས་ཡོང་དུ་འཇུག་འཆར་མེད། རྒྱ་ནག་མི་དམངས་ལའང་ལྟད་མོའི་ལག་འཁྱེར་འཚོང་གི་མེད་ཅེས་གསལ་བསྒྲགས་སྤེལ། མདོར་ན་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ཁག་ལ་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ལྟད་མོ་བ་མེད་པར་འཚོགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG