༄༅།། རྒྱ་ནག་དང་པ་ཀི་སི་ཐན་གཞུང་གིས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ནི་འགྱུར་བ་མེད་པར་བྲག་རི་བཞིན་དུ་བརྟན་པོ་ཡིན་ཞེས་སྤོབས་ཉམས་ཀྱི་སྒོ་ནས་བཤད་སྲོལ་ཞིག་ཡོད་ཅིང་། རྒྱ་གར་གྱི་ཤུགས་རྐྱེན་འགོག་པར་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ཡར་རྒྱས་གཏོང་དགོས། འདི་ནི་རྒྱ་ནག་དང་པ་ཀི་སི་ཐན་གྱི་ཁེ་ཕན་ཞིག་ཡིན་ཞེས་བཤད། ཝང་དབྱིས་པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལཱ་མ་བྷ་ཐེ་གྲོང་ཁྱེར་དུ་རྒྱལ་ཁབ་དེའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་བྷ་ཇི་ཝ་ལ་ཐུག་འཕྲད་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན། ཕྱོགས་གཉིས་ཀྱི་ཁེ་ཕན་དང་རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་བ་སོགས་ལ་གྲོས་མོལ་ལྷུག་པོ་བྱས་པ་རེད་ཅེས་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་སྟེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཉི་མ་བཞིར་པ་ཀི་སི་ཐན་དང་བལ་ཡུལ་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ས་གནས་དེའི་གནས་སྟངས་ལ་འགྱུར་བ་གང་འདྲ་ཞིག་ཐེབས་ཀྱང་ཁྱད་པར་མེད། རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ནས་པ་ཀི་སི་ཐན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་དགོས་པའི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་འདུག
ཝང་དབྱིའི་གཏམ་བཤད་དེ་རྒྱ་གར་དང་པ་ཀི་སི་ཐན་ཀ་ཤི་མིར་གྱི་རྩ་དོན་ཐོག་ཏུ་འགལ་ཟླ་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་བྱུང་ཡོད། ཟླ་བ་སྔོན་མར་རྒྱ་གར་གཞུང་གིས་རྒྱལ་ཁབ་དེའི་རྩ་ཁྲིམས་སུ་འཁོད་པའི་ཀ་ཤི་མིར་གྱི་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱས་ནས་འཇའ་མུ་དང་ཀ་ཤི་མིར་གཉིས་ནི་མངའ་སྡེ་གྲོས་ཚོགས་ཡོད་པའི་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ཞིག་དང་། ལ་དྭགས་ནི་མངའ་སྡེ་གྲོས་ཚོགས་མེད་པའི་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ཞིག་ཏུ་བསྒྱུར་པས་རྒྱ་ནག་གིས་ཀྱང་རང་གི་མངའ་ཁུལ་གྱི་བདག་དབང་ལ་རྒྱ་གར་གྱིས་གཏོར་བཤིག་བཏང་སོང་ཞེས་ངོ་རྒོལ་བྱས་འདུག ད་ལྟ་ཀ་ཤི་མིར་གྱི་མངའ་ཁོངས་གསུམ་ཆའི་གཉིས་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཡོད་པ་དང་ཀ་ཤི་མིར་གྱི་མངའ་ཁོངས་གསུམ་ཆའི་གཅིག་པ་ཀི་སི་ཐན་གྱི་དབང་སྒྱུར་འོག་ཏུ་ཡོད། འོན་ཀྱང་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཀ་ཤི་མིར་གྱི་མངའ་ཁོངས་ཧྲིལ་པོ་རང་གི་ཁོངས་སུ་གཏོགས་ཞེས་རྩོད་པ་རྒྱག་གི་ཡོད་པར་མ་ཟད། ༡༩༤༨་ལོར་དབྱིན་ཇིའི་དབང་སྒྱུར་གཞུག་དེར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་ཀ་ཤི་མིར་དུམ་བུ་གཉིས་སུ་བགོས་ནས་དམག་འཁྲུག་ཐེངས་འགའ་ཞིག་བརྒྱབ། རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་དུ་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་ཐོབ་ཐང་ཕྱིར་བསྡུ་བྱས་པ་ཁྲིམས་མཐུན་ཡིན་མིན་ལ་གྲོས་བསྡུར་བྱ་དགོས་པའི་དགོས་འདུན་བཏོན། དེར་བརྟེན་རྒྱ་གར་གྱི་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གིས་ཀ་ཤི་མིར་གྱི་རྩ་དོན་གླེང་སློང་བྱས་ནས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚེ། རྒྱ་གར་གཞུང་གིས་ཀྱང་བོད་དོན་དང་ཐེ་ཝན། ཞིན་ཅང་གི་གནད་དོན་བཅས་ལ་གླེང་སློང་བྱ་དགོས། ལྷག་པར་དུ་རྒྱ་གར་གཞུང་གིས་རང་གི་ས་ཐོག་ཏུ་བཙན་བྱོལ་ལ་བཞུགས་ཡོད་པའི་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་པ་བཙན་བྱོལ་བའི་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་གླེང་སློང་ཡོད་པ་རེད།
ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ནི་པ་ཀི་སི་ཐན་གྱི་ཕུགས་རྒྱང་རིང་པོའི་འཕེལ་རྒྱས་ལ་འབྲེལ་བ་ཡོད། པ་ཀི་སི་ཐན་གྱི་དམག་གིས་ཕྱིར་ཤིག་མེད་པར་དཔལ་འབྱོར་ཤུར་ལམ་དེའི་འཛུགས་སྐྲུན་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་རྗེས་སུ་ཡི་རང་ཡོད། ང་ཚོས་རང་གི་དཔལ་འབྱོར་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས་ཞེས་བཤད། རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ཞེས་པ་ནི་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༦༢་བཏང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ཉམས་ཞིབ་པ་ཚོས་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ནི་པ་ཀི་སི་ཐན་བུ་ལོན་འོག་ནས་ཐར་ཐབས་མེད་པ་དང་རྒྱ་ནག་གི་ཤུགས་རྐྱེན་འོག་ནས་ནམ་ཡང་ལང་མི་ཐུབ་པ། རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་རྒྱ་ནག་གི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ཤིག་ཡིན་པའི་འགྲེམ་བཤད་རྒྱག་གི་ཡོད་པར་བདེན་པའི་ཆ་རེ་ཡོད་པ་སྟེ། ཁ་སྔོན་ཕྱི་ཟླ་༥་པར་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་མང་པོ་བཏང་ནས་འཛུགས་སྐྲུན་བྱས་པའི་མཚོ་ཁའི་གྷུ་ཝ་དྷར་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ལ་མེ་མདའ་ཐོགས་པའི་མི་ཁག་ཅིག་གིས་གཏོར་རྒོལ་བྱས་པ་དང་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་ཚོགས་པ་ཟེར་པ་ཞིག་གིས་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་ཏེ། ཁོ་ཚོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་བྷ་ལུ་ཆི་སི་ཐན་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་ཐོན་སྐྱེད་ལ་བཤུ་གཞོག་བྱེད་ཀྱི་ཡོད་པར་རྒོལ་ལན་སློག་པ་ཡིན་ཞེས་བསྒྲགས། ཉེ་དུས་ཤིག་ནས་རྒྱ་ནག་གི་འཛུགས་སྐྲུན་ལས་ཁུངས་གཞན་པ་ཞིག་གིས་ཀྱང་རྒྱ་ནག་གི་ལག་རྩལ་པ་༡༠༠༠་དང་པ་ཀི་སི་ཐན་གྱི་ལམ་བཟོ་བ་༡༩༠༠༠་ཙམ་ལ་ལས་ཀ་སྤྲད་ནས་པེ་ཤ་བར་ས་གནས་ནས་ཀ་ར་ཆི་གྲོང་ཁྱེར་བར་གྱི་མྱུར་སྐྱོད་གཞུང་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་ལམ་བཟོ་བ་དང་ལག་རྩལ་པ་ཚོར་སྲུང་སྐྱོབ་བྱེད་མཁན་བདེ་འཇགས་མི་སྣ་༣༥༠༠་འགྲེམ་འཇོག་བྱ་དགོས་ཐུག་འདུག
ཐོག་མར་ཕྱི་ཟླ་༩་པའི་ཚེས་༩་དང་༡༠་གཉིས་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་ལྡི་ལི་གསར་པར་རྒྱ་གར་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དྷོ་ཝྭལ་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཀྱང་ཝང་དབྱིའི་འཆར་གཞི་དེར་འགྱུར་བ་ཐེབས། པ་ཀི་སི་ཐན་གྱི་འཚམས་འདྲི་མཇུག་སྒྲིལ་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་རྣམ་པས་གསར་འགོད་གསལ་བསྒྲགས་སྤེལ་ནས་ཀ་ཤི་མིར་གྱི་རྩ་དོན་ནི་ཐག་ཆོད་མ་བྱུང་བའི་ལོ་རྒྱུས་ཀྱི་རྩོད་གཞི་ཞིག་ཡིན་པས་དེ་ལ་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་དགོས། རྒྱ་ནག་གིས་པ་ཀི་སི་ཐན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་ཟློས་བྱ་རྒྱུ་ཡིན་ཞེས་བཤད་འདུག རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་རང་སྐྱོང་ཐོབ་ཐང་ཕྱིར་བསྡུ་དང་མངའ་ཁུལ་དེ་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གཉིས་ལ་བསྒྱུར་པ་ནི་རྒྱ་གར་གྱི་ནང་སྲིད་ཅིག་ཡིན། དེ་ལ་རྒྱལ་ཁབ་གཞན་པ་སུ་གཅིག་གིས་ཀྱང་ཐེ་གཏོགས་བྱེད་མི་ཆོག པ་ཀི་སི་ཐན་གྱིས་ཀྱང་དངོས་ཡོད་གནས་སྟངས་དེར་ཁས་ལེན་བྱ་དགོས་ཞེས་བསྒྲགས། ཧོང་ཀོང་གི་ལིང་ནན་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཀྲུང་པའོ་ཧུའི་ཞེས་པ་ཞིག་གིས་རྒྱ་ནག་གིས་པ་ཀི་སི་ཐན་ལ་དམག་དོན་འཐབ་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་རྒྱ་གར་གྱི་ཤུགས་རྐྱེན་གཅོག་ཐབས་དང་རྒྱ་ནག་གི་ཁེ་ཕན་སྒྲུབ་ཐབས་ཤིག་ཡིན་པ་མངོན་གསལ་དོད་པོ་རེད། རྒྱ་ནག་ལ་མཚོན་ན་རང་ཉིད་དངོས་སུ་མདུན་དུ་འབུད་མི་དགོས་པར་པ་ཀི་སི་ཐན་བརྒྱུད་ནས་རྒྱ་གར་ལ་བཀག་སྐྱིལ་བྱེད་ཐུབ་པས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཐབས་མཁས་ཤིག་ཡིན། ཇི་སྲིད་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་བྱུང་ནས་མཐུན་པོ་མ་བྱུང་ན་རྒྱ་ནག་གི་དམིགས་ཡུལ་རང་བཞིན་གྱིས་གྲུབ་པ་རེད་ཅེས་བཤད་འདུག