༄༅།། ཕྱི་ཟླ་༡༡་པའི་ཚེས་༤་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཚོང་པ་ཚོ་དང་སྐྱེ་བོ་སྒེར་པ་རྣམས་བློ་འགུགས་བྱེད་ཐུབ་པའི་ཐབས་ཇུས་དོན་ཚན་༢༦་ཁྱབ་བསྒྲགས་ཡོད་པ་སྟེ། ཐེ་ཝན་པ་རྣམས་རྒྱ་ནག་གི་འཕྲུལ་རབས་ལྔ་པའི་ཞིབ་འཇུག་ལས་དོན་ཁོངས་སུ་མཉམ་ཞུགས་བྱེད་ཆོག་པ་དང་ཐེ་ཝན་པ་ཚོར་ཕྱི་རྒྱལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གིས་སྲི་ཞུ་བསྒྲུབ་རྒྱུ། དེང་སྐབས་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཕྱོགས་གཉིས་ཀྱིས་ཕན་ཚུན་དོགས་ཟོན་དང་ཡིད་གཟབ། ཐ་ན་དགྲ་འཛིན་གྱི་འདུ་ཤེས་འཛིན་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གིས་ཐེ་ཝན་པ་ཚོར་སྲི་ཞུ་བསྒྲུབ་ཆོག་ཟེར་པའི་ལས་ཁུངས་ཁག་གི་གྲས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་ལས་དོན་ལྷན་ཁང་ཚུད་པའི་གཞུང་གི་ལས་ཁུངས་༢༠་ཡོད་ཅིང་། ད་ལྟ་ཐེ་ཝན་ལ་འོས་འདེམས་བྱེད་པར་ཟླ་བ་གཉིས་ལས་མེད་པའི་མཚམས་སུ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཚོང་པ་དང་སྐྱེ་བོ་སྒེར་པ་རྣམས་བློ་འགུགས་བྱེད་པའི་ཐབས་ཇུས་༢༦་ཕྱིར་བསྒྲགས་བྱས་པར་དམིགས་ཡུལ་ངེས་ཅན་ཞིག་འདུག དེ་ནི་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་ཐེ་གཏོགས་བྱ་རྒྱུའི་ངན་ཇུས་ཤིག་རེད་ཅེས་ཐེ་ཝན་གཞུང་གིས་ངོ་རྒོལ་བྱས་འདུག
གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ཡིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་ཐེ་ཝན་གྱི་ནང་ཁུལ་ལ་འགལ་ཟླ་སློང་གི་འདུག རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་ར་སྤྲོད་བྱེད་ཐུབ། ཐེ་ཝན་པ་རྣམས་རྒྱ་ནག་གི་བློ་འགུགས་ཐབས་ཇུས་དེ་ཚོར་མགོ་འཁོར་རྒྱུ་ལྟ་ཞོག ཐ་ན་ཐེ་ཝན་མི་དམངས་རྣམས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལའང་མོས་མཐུན་མེད། རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཐེ་ཝན་མི་དམངས་ལ་དབྱེན་སྦྱོར་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་ཚོར་ཐེ་ཝན་གྱི་ཚོང་པ་ཚོའི་མ་རྩ་འཛུགས་འཇོག་དང་བདེ་འཇགས་ལ་འགན་ལེན་བྱ་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། སྔ་ལོ་ཡང་རྒྱ་ནག་གཞུང་གིས་ཐེ་ཝན་པ་ཚོར་དམིགས་པའི་ཐབས་ཇུས་༣༡་ཁྱབ་བསྒྲགས་བྱས་སོང་། ང་ཚོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དགོས་མཁོ་མེད། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་རང་གི་མི་དམངས་ལ་རང་དབང་ཆེ་ཙམ་སྤྲད་ན་ལེགས་ཞེས་དགག་པ་བརྒྱབ་འདུག
༢༠༡༩་ལོའི་རྒྱ་ནག་གི་ཐབས་ཇུས་༢༦་གི་གྲས་སུ་རྒྱ་ནག་གི་ས་ཐོག་ཏུ་ཐེ་ཝན་པ་ཚོས་གཉེར་པའི་ཁེ་ལས་ཁག་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་དང་འདྲ་བར་འཕྲུལ་རབས་ལྔ་པ་དང་འགྲུལ་སྐྱེལ་གནམ་གྲུ། དོས་སྐྱེལ་གནམ་གྲུའི་ཞིབ་འཇུག་ལས་དོན་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ས་གནས་གཞུང་དང་དབུས་གཞུང་གིས་མ་རྩ་བསྐྱི་རྒྱུ་སོགས་ཁག་ཐེག་བྱེད་ཆོག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཐེ་ཝན་པ་ཚོར་རྒྱ་ནག་གི་གཞུང་ཚབ་ཁག་དང་དོན་གཅོད་ལས་ཁང་ཁག་གིས་གཞུང་འབྲེལ་གྱི་སྲུང་སྐྱོབ་དང་སྲི་ཞུ་བསྒྲུབ་ཆོག ཐེ་ཝན་པ་ཚོས་རྒྱ་ནག་སྐམ་ས་ཆེན་མོར་ས་ཁང་ཉོ་སྒྲུབ་བྱས་ན་རྒྱ་ནག་གི་སྤྱི་དམངས་ལྟར་ཐོབ་ཐང་སྤྲོད་རྒྱུ། ཐེ་ཝན་གྱི་རྩེད་འགྲན་པ་ཚོས་ཕྱི་ལོ་༢༠༢༠་ལོའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་པེ་ཅིང་དུ་སྦྱོང་བརྡར་བྱེད་དུ་ཡོང་ཆོག་ཅེས་བཀོད། བདུན་སྔོན་མར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༤་པའི་ཐོག་ཏུ་མཚོ་འགག་ཕྱོགས་གཉིས་ཀྱི་ཡར་རྒྱས་དང་མཉམ་འདྲེས་ཀྱི་འབྲེལ་བ་དམ་ཟབ་འཛིན་རྒྱུ། རྒྱ་ནག་གིས་ཞི་བའི་སྒོ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་ཐུབ་པའི་ལས་ཐབས་ཁག་ལག་ལེན་བསྟར་རྒྱུ། ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་ཞེས་ཐག་གཅོད་བྱས་འདུག
ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་ལོ་༨་ལ་སྲིད་དབང་བཟུང་བའི་རིང་དེར་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་ཕྱིན་མོད། འོན་ཀྱང་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝེན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་། ཚེ་དབྱིན་ཝེན་གྱིས་༡༩༩༢་ལོར་ཐེ་ཝན་གྱི་སྐུ་ཚབ་གུང་ཁྲེང་ཧྥུ་དང་རྒྱ་ནག་གི་སྐུ་ཚབ་ཝང་ཏའོ་ཧན་གཉིས་ཀྱིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། རྒྱ་ནག་གཅིག་ཟེར་པ་དེར་མཚོ་འགག་ཕྱོགས་གཉིས་ཀར་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་ཆོག་ཅེས་གྲོས་མཐུན་བཞག་པར་ཁས་ལེན་བྱས་མེད་ཅིང་། དེར་བརྟེན་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ནས་མཁའ་ལམ་ལས་ཁང་ཁག་དང་མ་རྐང་ཁྲོམ་ར། རྒྱལ་སྤྱིའི་ཁེ་ལས་ཁག་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་འཁོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བཙན་སྒྱུར་བྱེད་དུ་འཇུག་ཡོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ལས་ཁུངས་ཁག་ལ་ལྟ་སྐོར་དུ་ཡོང་བའི་ཐེ་ཝན་པ་ཚོས་རྒྱ་ནག་གི་དོན་གཅོད་ཁང་གི་ལག་འཁྱེར་ལེན་དགོས་པ། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་སྤྲད་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད་པ། མདོར་ན་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་པའི་མིང་ཚིག་དེ་མཐོང་ཐོས་མེད་པར་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
ད་ལོ་ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ཟླ་བ་༥་ཙམ་འགྲོ་བཞིན་ཡོད་པར་བརྟེན། ཐེ་ཝན་མི་དམངས་རྣམས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པར་བློ་འཚབ་འབྱུང་གི་ཡོད་པ་སྟེ། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨༩་ལྷག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པར་མ་ཟད། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༥་ཡས་མས་ཤིག་གིས་རྒྱལ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་རྒོལ་བྱས་འདུག ད་ལྟ་ཐེ་ཝན་གྱི་སྤྱི་ཚོགས་སུ་རྒྱ་ནག་གཞུང་གིས་ཧོང་ཀོང་ལྟར་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཟེར་པའི་སྲིད་ཇུས་དེར་ངོ་རྒོལ་བྱེད་མཁན་མི་གྲངས་བརྒྱ་ཆ་༡༤་མང་དུ་ཕྱིན་འདུག་ཅིང་། ཐེ་པེ་གྲོང་ཁྱེར་དུ་ཚུགས་པའི་རྒྱ་ནག་གི་རིག་གཞུང་སློབ་ཆེན་གྱི་སྲིད་དོན་ཚན་རིག་སློབ་དཔོན་ཁྲེན་དབྱི་ཤཱིན་གྱིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་བསྒྲགས་བྱས་པའི་ཐབས་ཇུས་༢༦་གིས་ཐེ་ཝན་གྱི་འོས་འདེམས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་མིན་ནི་ཐབས་ཇུས་དེ་རྣམས་ལག་ལེན་བསྟར་ཕྱོགས་ལ་ཐུག་ཡོད། གོ་མིན་ཏང་གི་སྲིད་འཛིན་འོས་མི་དང་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་དབྱིན་ཝེན་གཉིས་ཀྱི་སུ་ལ་འོས་ཤོག་འཕངས་ནས་རྒྱབ་སྐྱོར་བྱས་ཀྱང་ཁྱད་པར་མི་འདུག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་པ་དེར་ཐེ་ཝན་པ་ཕལ་མོ་ཆེ་འཐད་པ་མེད་པ་གསལ་པོ་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྲིད་ཇུས་དེ་ལག་ལེན་ཡག་པོ་ཞིག་བསྟར་མ་སོང་། དེས་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ཐེ་ཝན་མི་དམངས་ཀྱིས་མོས་མཐུན་བྱ་རྒྱུ་ཁག་པོ་རེད། གལ་སྲིད་རྒྱ་ནག་གི་འཕྲུལ་རབས་ལྔ་པ་དང་དེ་མིན་གྱི་མ་འོངས་པར་ཁེ་ལས་ཁག་ལ་ཐེ་ཝན་གྱི་ཚོང་པ་རྣམས་མཉམ་ཞུགས་བྱེད་ཐུབ་ན་དགེ་མཚན་ཡོད་ཅེས་བཤད།
པེ་ཅིང་དུ་བཅའ་སྡོད་ཐེ་ཝན་པའི་མ་རྩ་འཛུགས་འཇོག་མཐུན་ཚོགས་ཀྱི་གཙོ་འཛིན་ཟུར་པ་ལིན་ཁྲང་ཧྥ་ཞེས་པ་ཞིག་གིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ཐབས་ཇུས་དོན་ཚན་༢༦་ཐེ་ཝན་གྱི་ན་གཞོན་ཚོར་དམིགས་པ་ཞིག་ཡིན་པར་སྣང་། ཐེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་གྱི་མྱུར་ཚད་དལ་དུ་ཕྱིན་ནས་གོ་སྐབས་མེད་པར་གྱུར་ཡོད་པའི་ཐེ་ཝན་གྱི་ན་གཞོན་ཚོར་རྒྱ་ནག་གི་ས་ཐོག་ཏུ་གོ་སྐབས་བསྐྲུན་རྒྱུ། ཐེ་ཝན་གྱི་ན་གཞོན་ཚོ་རྒྱ་ནག་ལ་བློ་ཁ་ཕྱོགས་ཐུབ་པ་ཞིག་ཏུ་བསྒྱུར་ཐུབ་པའི་ཐབས་ཇུས་ཤིག་རེད། དཔེར་ན་ཐེ་ཝན་གྱི་ན་གཞོན་ཚོས་རྒྱ་ནག་གི་གཞུང་འབྲེལ་ལས་ཁུངས་ཁག་ལ་སློབ་ཡོན་རོགས་རམ་ཞུ་ཆོག་པ་དང་ཐེ་ཝན་གྱི་སློབ་ཕྲུག་ཚོ་རྒྱ་ནག་གི་སློབ་ཆེན་ཁག་ལ་འགྲིམ་ཆོག་པའི་གོ་སྐབས་ཆེ་རུ་བཏང་འདུག་ཅེས་བཤད། ༢༠༢༠་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་ཕམ་ཉེས་འབྱུང་རྒྱུ། ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་དེར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།