ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་འོས་འདེམས་དང་རྒྱ་ནག་གི་གསང་ཉུལ་གྱི་ཐེ་གཏོགས།


༄༅།། དེང་སྐབས་ཨོ་གླིང་རྒྱལ་ཁབ་ལ་སྐྱབས་བཅོལ་ཞུ་བཞིན་པའི་རྒྱ་ནག་པ་ཝང་ལི་ཆང་ཞེས་པ་ཞིག་གིས་ཁོ་པ་རྒྱ་ནག་གི་གསང་བའི་ལས་ཁང་གི་གསང་ཉུལ་ཡིན། ཧོང་ཀོང་དམིགས་བསལ་ས་ཁུལ་དུ་བཙུགས་ཡོད་པའི་རྒྱ་ནག་གི་གསར་གཏོད་མ་རྩ་འཛུགས་འཇོག་ཁང་ཞེས་པ་ནི་ཕྱིའི་རྣམ་པར་བཟོ་ཚོང་ལས་ཁང་ཞིག་ཡིན་རུང་དོན་དངོས་སུ་བཟོ་ཚོང་ཁང་དེའི་ལས་འགན་ངོ་མ་ནི་ཧོང་ཀོང་གི་སློབ་ཆེན་ཁག་དང་གསར་འགྱུར་ལས་ཁང་ཁག་ལ་སིམ་འཛུལ། རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་གིས་ཐད་ཀར་ཧོང་ཀོང་དང་ཐེ་ཝན་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག ཐེ་ཝན་གྱི་འོས་འདེམས་ལ་རྒྱ་ནག་གིས་གཏོར་བརླག་བྱེད་ཡོད་པ་སྟེ། རྒྱ་ནག་གི་གསང་ཉུལ་ཚོའི་བཀོད་འདོམས་འོག་ཏུ་དྲྭ་དམག་བརྒྱ་ཕྲག་མང་པོས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་སོགས་ལ་རྫུན་དང་དཀྲོག་གཏམ་སྤེལ། རྒྱ་ནག་གཞུང་གིས་ཐེ་ཝན་མི་དམངས་ལ་མགོ་སྐོར་བཏང་ནས་བློ་ཁ་སྒྱུར་ཐབས། མཐར་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པ་དང་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པའི་ལངས་ཕྱོགས་འཛིན་མཁན་ཞིག་ལ་ཐེ་ཝན་གྱི་འོས་འདེམས་དུས་སུ་རྒྱལ་ཁ་འཐོབ་ཏུ་འཇུག་རྒྱུའི་དམིགས་ཡུལ་འཆང་འདུག ང་ལག་འཁྱེར་རྫུན་མ་ཞིག་འཁྱེར་ནས་ཐེ་ཝན་ལ་ལས་འགན་བསྒྲུབ་ཏུ་འགྲོ་དགོས། རྒྱ་ནག་གི་གསང་བའི་ལས་ཁང་གིས་རྒྱལ་ཁབ་གཞན་གྱི་དམག་དོན་དང་ཚོང་ལས། འཕྲུལ་རིག་ལག་རྩལ་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་གསང་ཉུལ་ཚོས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་ཕྱིར་བསྒྲགས་མ་བྱས་ན་ཉེན་ཀ་འདུག་བསམས་ནས་ངས་ཐེར་འདོན་བྱས་པ་ཡིན། ང་ནི་རང་གི་ཚེ་སྲོག་དང་བཟའ་ཟླ་བུ་ཕྲུག་གི་བདེ་འཇགས་ལ་བློ་འཚབ་ཡོད། དེར་བརྟེན་ངས་ཡོངས་གྲགས་སུ་རང་ཉིད་རྒྱ་ནག་གི་གསང་ཉུལ་ཡིན་པ་ཕྱིར་བསྒྲགས་བྱས་པ་ཡིན། ངས་ཨོ་གླིང་གཞུང་ལ་སྐྱབས་བཅོལ་ཞུ་བཞིན་ཡོད། ང་དང་བཟའ་ཟླ་བུ་ཕྲུག་བཅས་ལ་ཨོ་གླིང་གཞུང་གི་སྲུང་སྐྱོབ་བྱ་དགོས་ཞེས་གསར་འགོད་པའི་བཅར་འདྲི་ལ་ལན་འདེབས་བྱས་འདུག

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་དབུས་ཞིབ་གཅོད་ལྷན་ཁང་གིས་མཚོ་གླིང་དེར་སླེབས་པའི་ཧོང་ཀོང་གི་བཟོ་ཚོང་ལས་ཁང་དེའི་འགན་སྤྱི་ཁྱབ་འགན་འཛིན་གཉིས་ལ་འདྲི་ཞིབ་བྱས་ཤིང་། རྒྱ་ནག་གི་གསར་གཏོད་མ་རྩ་འཛུགས་འཇོག་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཞཱན་ཞིན་དང་ཁོ་པའི་ཆུང་མ་ཁུང་ཆིང་སྟེ། བཟོ་ཚོང་ལས་ཁང་དེའི་རྗེས་སྣོན་སྤྱི་ཁྱབ་འགན་འཛིན་གཉིས་ཐེ་ཝན་ནས་ཕྱི་ལ་བསྐྱོད་མི་ཆོག་ཅེས་བཀག ཝང་ལི་ཆང་གིས་ལོ་རྗེས་མའི་ཕྱི་ཟླ་དང་པོར་ང་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་གཏོར་བརླག་བྱེད་དུ་གཏོང་འཆར་འདུག རྒྱ་ནག་གཞུང་གིས་ཐེ་ཝན་མི་དམངས་ལ་རང་ཐད་དུ་བསམ་བློ་གཏོང་ཐུབ་པའི་ནུས་པ་ཞིག་ཡོད་པར་སྣང་ཆུང་གི་འདུག་ཅེས་བཤད། ཡིན་ནའང་ཐེ་ཝན་གྱི་སྤྱི་ཚོགས་སུའང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་དཀྲོག་གཏམ་སྒྲོགས་སྲིད་པའི་བློ་དོགས་བྱེད་མཁན་ཡོད་ཅིང་། ལོ་རྗེས་མའི་ཕྱི་ཟླ་དང་པོར་ཐེ་ཝན་གྱི་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་གོ་མིན་ཏང་གི་སྲིད་འཛིན་འོས་མི་དང་གྲོས་འཐུས་མིའི་འོས་མི་ཚོར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཏུ་འཇུག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་དང་སྤྱི་དམངས་ཀྱི་བློ་ཁ་སྒྱུར་ཐབས་སུ་དཀྲོག་གཏམ་སྒྲོགས་སུ་འཇུག་གི་འདུག ང་ཚོས་ཝང་ལི་ཆང་ཞེས་པ་དེའི་སྐད་ཆ་དེ་ཚོ་བདེན་པ་ཡིན་མིན་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱན་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་ཉེན་རྟོག་པས་ལོ་ན་༢༦་ལ་སོན་པའི་ཝང་ལི་ཆང་ཞེས་པ་ནི་སྐྱེས་པ་ལས་ཤོར་བ་ཞིག་དང་རྒྱ་ནག་སྐམ་ས་ཆེན་མོར་གཡོ་ཁྲམ་བྱས་པའི་མི་ཞིག་རེད་ཅེས་ནག་ཉེས་བཙུགས། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལེང་གིས་ཀྱང་ཝང་ལི་ཆང་མི་ཁྲམ་པ་ཞིག་རེད་ཅེས་བསྐྱར་ཟློས་ཀྱིས་ཐེ་ཝན་གཞུང་གིས་རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་དཀྲོག་གཏམ་སྒྲོགས་སུ་འཇུག་གི་འདུག ཐེ་ཝན་གཞུང་གིས་རྒྱ་ནག་གི་གསར་གཏོད་མ་རྩ་འཛུགས་འཇོག་བཟོ་ཚོང་ཁང་ལ་ཞིབ་འཇུག་བྱ་རྒྱུ་ཚོད་འཛིན་བྱ་དགོས། རྒྱ་ནག་སྐམ་ས་ཆེན་མོ་བ་རྣམས་དང་ཧོང་ཀོང་བ། ཨོ་མེན་དམིགས་བསལ་ས་ཁུལ་གྱི་ཡུལ་མི་རྣམས་ཐེ་ཝན་ལ་འགྲུལ་སྐྱོད་བྱེད་དུས་དེ་དག་གི་ཁྲིམས་མཐུན་ཐོབ་ཐང་ཁག་ལ་ཐེ་ཝན་གྱིས་བརྩི་མེད་གཏོང་མི་ཆོག་ཅེས་སྡིགས་ར་བསྐུལ། གཟའ་ཟླ་བའི་ཉིན་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཚུགས་པའི་རྒྱ་ནག་གི་གསར་གཏོད་མ་རྩ་འཛུགས་འཇོག་བཟོ་ཚོང་ཁང་གིས་ང་ཚོ་གསང་བའི་ལས་དོན་དང་སོ་མྱུལ་སོགས་ལ་འབྲེལ་བ་ཅི་ཡང་མེད། ཝང་ལི་ཆང་གིས་དཀྲོག་གཏམ་སྒྲོགས་ཀྱི་འདུག གསར་འགྱུར་ལས་ཁང་ཁག་གིས་དཀྲོག་གཏམ་ཁྱབ་སྤེལ་མི་བྱེད་པའི་རེ་བ་ཡོད། གལ་སྲིད་དཀྲོག་གཏམ་ཁྱབ་སྤེལ་བྱས་ན་ང་ཚོས་འབྲེལ་ཡོད་གསར་འགྱུར་ལས་ཁང་ཁག་ཁྲིམས་ལ་གཏུག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་རྒྱ་ནག་གི་སྐྱོན་འཛུགས་ལ་དགག་པ་བརྒྱབ། རྒྱ་ནག་པ་ཝང་ལི་ཆང་གིས་གསར་འགོད་པར་ཕྱིར་བསྒྲགས་བྱས་པའི་སྐད་ཆ་དེ་ཚོར་ཨོ་གླིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་ཀྱང་ཞིབ་འཇུག་བྱེད་འགོ་ཚུགས་འདུག ང་ཚོས་རང་གི་ཁྲིམས་ལུགས་ལྟར་དོགས་ཅན་ཚོར་ཞིབ་འཇུག་བྱེད་བཞིན་ཡོད། རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་དང་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་ཐེ་ཝན་གྱི་དམངས་གཙོའི་འོས་འདེམས་ལ་མིག་དཔེ་བལྟས་ནས་ཉམས་མྱོང་སློབ་སྦྱོང་བྱ་དགོས་ཞེས་ནན་བརྗོད་བྱས་པར་མ་ཟད། ཐེ་ཝན་གྱི་ནང་སྲིད་བློན་ཆེན་ཚུ་གོ་དབྱང་གིས་ཀྱང་ང་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་འཆང་ནས་རྒྱ་ནག་གི་གསར་གཏོད་མ་རྩ་འཛུགས་འཇོག་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཁྱོ་ཤུག་ཟུང་བཀག་ཉར་བྱས་པ་མིན། ང་ཚོས་ཐེ་ཝན་གྱི་ཁྲིམས་ལུགས་ལྟར་ཞཱན་ཞིན་དང་ཁུང་ཆིང་གཉིས་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཐེ་ཝན་གཞུང་གིས་གནད་དོན་འདི་ཧ་ཅང་གི་ཚབས་ཆེན་ཞིག་ལ་རྩི་བཞིན་ཡོད་པ་དང་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཚན་པས་ཚོགས་ཆུང་ཞིག་ལོགས་སུ་བཙུགས་ནས་གནད་དོན་འདིར་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བཤད་པའི་སྐད་ཆ་རྣམས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་ལུང་འདྲེན་བྱས་འདུག

ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁང་ཁག་གིས་ཝང་ལི་ཆང་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་གསར་འགྱུར་གྱི་ཁྱབ་བསྒྲགས་ཉོ་བཞིན་ཡོད་པ་དང་སློབ་ཆེན་ཁག་ལ་སིམ་འཛུལ། གསང་ཉུལ་ཚོང་པ་རྣམས་བརྒྱུད་ནས་རྒྱ་ནག་གི་ཕྱོགས་གཏོགས་པ་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་དོན་པ་ཚོར་དངུལ་སྒོར་རོགས་རམ་སྤྲོད་རྒྱུ། ངོ་དེབ་སོགས་ལ་མགོ་པར་རྫུན་མ་སྟོང་ཕྲག་མང་པོ་བཞག་ནས་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་དམངས་གཙོ་ཡར་ཐོན་ཚོགས་པར་ངོ་རྒོལ་བྱེད་དུ་འཇུག་གི་འདུག རྒྱ་ནག་གི་གསང་བའི་ལས་ཁང་གིས་ཨ་སྒོར་དུང་ཕྱུར་༢་འགྲོ་གྲོན་བཏང་ནས་གསར་འགྱུར་ལས་ཁང་དང་དྲྭ་རྒྱ་༢༠་གསར་འཛུགས་ཀྱིས་ཐེ་ཝན་གྱི་བརྙན་འཕྲིན་དང་དྲྭ་ལམ་སོགས་ལ་དཀྲོག་གཏམ་ཁྱབ་སྤེལ་གཏོང་གི་འདུག ༢༠༡༨་ལོའི་འོས་འདེམས་དུས་སུ་ངས་ཐད་ཀར་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་གོ་མིན་ཏང་གི་སྤྱི་ཁྱབ་འོས་མི་ཧན་གོ་ཆང་ལ་རྒྱ་ནག་གི་མི་དམངས་ཤོག་སྒོར་ས་ཡ་༢༠་བཏང་བ་ཡིན་ཞེས་བཤད། ཐེ་ཝན་གཞུང་གིས་ཝང་ལི་ཆང་དང་ཧན་གོ་ཆང་གཉིས་འབྲེལ་བ་ཡོད་མེད་ཕྱིར་བསྒྲགས་བྱས་མེད་ཀྱང་སྔ་ལོ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱས་ནས་ཐེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་འོས་འདེམས་སྐབས་སུ་གོ་མིང་ཏང་གི་འོས་མི་ཚོར་རྒྱལ་ཁ་ཐོབ་ནས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་རྣམས་ཕམ། ཧན་གོ་ཆང་གིས་ངས་སྔ་ལོའི་འོས་འདེམས་སྐབས་སུ་རྒྱ་ནག་དམར་ཤོག་གི་ལག་ནས་དངུལ་སྒོར་ས་ཡ་༢༠་ཐམ་པ་ལེན་རྒྱུ་ལྟ་ཞོག ཐ་ན་ངས་དངུལ་སྒོར་སྨར་པོ་ཞིག་ཀྱང་བླངས་མྱོང་མེད། གལ་སྲིད་ངས་དངུལ་སྒོར་བླངས་ཡོད་ན་ང་གའོ་ཤུང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་སྣེ་ནས་གནང་བ་ཞུ་ཆོག ད་ལྟ་ང་གོ་མིན་ཏང་གི་སྲིད་འཛིན་འོས་མིར་ལངས་ཡོད། གལ་སྲིད་ངས་དངུལ་སྒོར་བླངས་ཡོད་ན་ང་སྲིད་འཛིན་འོས་མི་ནས་འཕྲལ་དུ་ཕྱིར་འཐེན་བྱེད་ཆོག་ཅེས་བཤད་འདུག

XS
SM
MD
LG