ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་རྒྱལ་དར་གྱི་པར་རིས་ཡོད་པའི་གློག་བརྙན་ཞིག་པེ་ཅིང་དུ་བསྟན་པ།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་དར་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར། ཕྱི་ལོགས་ཀྱི་བཙན་བྱོལ་སྤྱི་ཚོགས་ནས་ཐོན་པའི་གློག་བརྙན་དང་དཔེ་དེབ་སོགས་བོད་རང་བཙན་དང་རྒྱ་ནག་ཁ་བྲལ་གྱི་མཚོན་རྟགས་སུ་བརྩིས་ཏེ། ཁོ་ཚོས་བོད་ནང་ལོགས་དང་རྒྱ་ནག་གི་ས་གནས་ཁག་ལ་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་སོགས་མཐོང་རིག་མེད་པར་གཏོང་གི་ཡོད་ཅིང་། ཐ་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གློག་བརྙན་དང་བརྙན་འཕྲིན་ལས་རིམ། གླུ་གཞས་ཀྱི་འོད་སྡེར་ནང་དུ་ཐོན་ཟིན་པའི་བོད་ཀྱི་རྒྱལ་དར་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར། བོད་དོན་ལ་འབྲེལ་བ་ཡོད་པའི་པར་རིས་ཡོད་དོ་ཅོག་བཀག་འགོག་བྱས་ནས་གཅིག་ཀྱང་གཏོང་གི་མེད་མོད། འོན་ཀྱང་གཟའ་འཁོར་འདིར་པེ་ཅིང་ལ་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གསུམ་པའི་སྐབས་སུ་བོད་ཀྱི་རྒྱལ་དར་གྱི་པར་རིས་ཡོད་པའི་རྒྱ་གར་གྱི་གློག་བརྙན་ཞིག་རྒྱ་ནག་གཞུང་གིས་ཞིབ་བཤེར་མ་བྱས་པར་བསྟན་ཡོད་པ་དང་། རྒྱ་ནག་གི་གློག་བརྙན་ལྟད་མོ་བ་ཁག་ཅིག་གིས་རྒྱ་གར་གྱི་གློག་བརྙན་དེའི་ནང་དུ་འཆར་པའི་པར་རིས་ཤིག་བོད་ཀྱི་རྒྱལ་དར་ཡིན་པ་ངོས་ཟིན་ཡོད་པ་རེད། རྒྱ་གར་གྱི་བྷོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན། ཨིམ་ཏི་ཡ་ཟི་ཨ་ལིས་འཁྲབ་ཁྲིད་བྱས་པའི་”རོཀ་སི་ཊར”ཞེས་པའི་གློག་བརྙན་དེ་ཕྱི་ལོ་༢༠༡༡་གི་ལོ་མཇུག་ཏུ་ཐོན་པའི་རྒྱ་གར་གྱི་གློག་བརྙན་ཞིག་ཡིན་པ་དང་། གློག་བརྙན་དེར་དུས་ཡུན་སྐར་མ་ལྔའི་རིང་གི་གླུ་གཞས་ཚན་པ་ཞིག་ཡོད་པ་རྒྱ་གར་བྱང་ཕྱོགས་ཀྱི་བཞུགས་སྒར་དྷ་རམ་ས་ལའི་རི་གྲོང་། མེཀ་ལོར་གྷན་ཇིའི་གྲོང་རྡལ་དུ་ཡོད་པའི་བོད་པ་བཙན་བྱོལ་བའི་དགོན་པ་ཞིག་ཏུ་འཁྲབ་ཡོད་པ་དང་། གློག་བརྙན་ཚན་པ་དེར་བོད་ཀྱི་རྒྱལ་དར་བསྟན་ཡོད་པས་རྒྱ་གར་གྱི་དབུས་གློག་བརྙན་ཞིབ་བཤེར་ཁང་གིས་བོད་ཀྱི་རྒྱལ་དར་ཡོད་པའི་ཚན་པ་དེ་གློག་བརྙན་ཁོངས་ནས་གཅོད་པའམ། ཡང་ན་བོད་ཀྱི་རྒྱལ་དར་དེ་མངོན་གསལ་དོད་མེད་པའི་ནག་སུབ་བྱེད་དགོས་པའི་བཀའ་བཏང་སྟེ། ཕྱི་ལོ་༢༠༡༡་ལོར་རྒྱ་གར་རྒྱལ་ཡོངས་སུ་བོད་པ་བཙན་བྱོལ་བའི་ཚོགས་སྡེ་ཁག་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་པ་ཁག་དང་གྲོས་ཚོགས་འཐུས། གློག་བརྙན་འཁྲབ་མཁན་དང་འཁྲབ་གཞུང་རྩོམ་པ་པོ་སོགས་ཀྱིས་རྒྱ་གར་གཞུང་གི་ཐག་གཅོད་དེར་ངོ་རྒོལ་ཤུགས་ཆེན་བྱས་ཀྱང་། པེ་ཅིང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གསུམ་པའི་སྐབས་སུ་བོད་ཀྱི་རྒྱལ་དར་ཡོད་པའི་གླུ་གཞས་ཚན་པ་དེ་གློག་བརྙན་ཁོངས་ནས་མ་བཅད་པར་ཆ་ཚང་བསྟན་ཡོད་པ་རེད། རྒྱ་གར་གཞུང་གིས་བོད་ཀྱི་རྒྱལ་དར་དང་བོད་པ་སྐྱབས་བཅོལ་བའི་པར་རིས། བོད་དོན་བོད་རང་དབང་ཞེས་བཀོད་པའི་ཡིག་རིས་དེ་དག་ནག་སུབ་བྱས་པའི་རྗེས་སུ་”རོཀ་སི་ཊར”ཞེས་པའི་གློག་བརྙན་དེ་རྒྱ་གར་རྒྱལ་ཡོངས་སུ་བསྟན་ཡོད་པ་མ་ཟད། རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ཕལ་ཆེ་བས་བོད་ཀྱི་རྒྱལ་དར་གྱི་པར་རིས་དང་བོད་པ་སྐྱབས་བཅོལ་བའི་པར་རིས། བོད་དང་བོད་རང་དབང་ཞེས་བཀོད་པའི་ཡིག་རིས་དེ་དག་ནག་སུབ་མ་བྱས་པར་ཆ་ཚང་བསྟན་ཞིང་། རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་ནས་པེ་ཅིང་གི་གློག་བརྙན་དུས་སྟོན་སྐབས་སུ་ཨ་མི་རི་ཀའི་གློག་བརྙན་སྐད་གྲགས་ཅན། ”འཇན་གྷོ་ལྕགས་སྒྲོག་ནས་འགྲོལ་པ”ཞེས་པ་དེའི་ནང་ལ་མི་གསོད་ཁྲག་སྦྱོར་གྱི་དྲག་ཟིང་གི་ཚན་པ་དང་། གློག་བརྙན་འཁྲབ་མཁན་ཚོས་ལུས་པོ་དམར་རྗེན་ལ་སྟོན་རྒྱུ་མང་དྲགས་ཡོད་པས། དྲག་ཟིང་གི་ཚན་པ་དང་ལུས་པོ་དམར་རྗེན་གྱི་ཚན་པ་དེ་དག་གློག་བརྙན་ཁོངས་ནས་གཅོད་དགོས་ཞེས་རྒྱ་ནག་གཞུང་གིས་བཀའ་བཏང་སྟེ། ཨ་མི་རི་ཀའི་གློག་བརྙན་འགྲེམ་སྤེལ་པ་ཚོས་རྒྱ་གཞུང་གི་བཀའ་རྒྱ་དེར་མ་མཉན་པར་གློག་བརྙན་དེ་པེ་ཅིང་གི་གློག་བརྙན་དུས་སྟོན་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ད་ལྟ་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་དར་ལས་མི་གསོད་ཁྲག་སྦྱོར་གྱི་དྲག་ཟིང་ངམ། ཡང་ན་ལུས་པོ་དམར་རྗེན་གྱི་ཚན་པར་དོགས་ཟོན་མང་བ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད་ར་མ་ཕྲོད་པར་ཡ་མཚན་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་དང་གྲྭ་ཤག ཁྱིམ་ཚང་སྒེར་པ་ཁག་གིས་བོད་ཀྱི་རྒྱལ་དར་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར། ༧གོང་ས་མཆོག་གིས་གསུང་ཆོས་གནང་གི་ཡོད་པའི་བརྙན་འཕྲིན་འོད་སྡེར་དང་གསུང་རྩོམ་གྱི་རིགས་ཉར་འཇོག་གཏན་ནས་བྱེད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་ཅིང་། གལ་སྲིད་རྒྱ་ནག་གཞུང་གིས་བོད་པ་སྤྱི་སྒེར་སུ་ཞིག་གིས་བོད་ཀྱི་རྒྱལ་དར་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར། ༧གོང་ས་མཆོག་གི་གསུང་རྩོམ་སོགས་ཉར་འཇོག་བྱེད་ཡོད་པ་རྩད་གཅོད་ཐུབ་ཚེ། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་མེས་རྒྱལ་ཁ་བྲལ་དང་བོད་རང་བཙན་གྱི་མཚོན་རྟགས་སུ་བརྩི་བའི་ཅ་དངོས་དེ་རྣམས་འཕྲལ་དུ་གཞུང་བཞེས་བཏང་སྟེ། ཁོ་ཚོས་ཅ་དངོས་དེ་དག་ཉར་འཇོག་བྱེད་མཁན་བོད་པ་ཚོར་རྡུང་རྡེག་དྲག་པོ་གཏོང་བ་དང་། སྐབས་འགར་རྒྱ་ནག་གཞུང་གིས་བོད་པ་ཁག་ཅིག་ལ་གོང་གི་ཅ་དངོས་དེ་དག་ཉར་འཇོག་བྱས་པའི་ནག་ཉེས་བཙུགས་ནས་བཙོན་འཇུག་གི་ཁྲིམས་ཐག་ཀྱང་གཅོད་བྱེད་ཀྱི་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG