ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁ་ཆེ་རྒྱལ་ཁམས་ཀྱི་འགོ་ཁྲིད་ཨལ་བྷག་དྷ་དཱི་བསད་པ།


༄༅།། གཟའ་མཇུག་དེར་ཨ་མི་རི་ཀའི་དམག་གིས་སྐབས་ཤིག་སི་རི་ཡ་དང་ཨི་རཀ་གི་ས་ཐོག་ཏུ་ཁ་ཆེ་རྒྱལ་ཁམས་ཤིག་ཚུགས་པ་དེའི་འགོ་ཁྲིད་ཨལ་བྷག་དྷ་དཱི་བསད་པ་ཨ་མི་རི་ཀ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་བའི་དམག་འཁྲུག་དེར་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲལ་དུ་གསར་འགོད་ལྷན་ཚོགས་བསྐོངས་ནས་ཨ་མི་རི་ཀའི་དམག་གིས་ཨལ་བྷག་དྷ་དཱི་ཇི་ལྟར་བསད་པའི་གནས་ཚུལ་ཞིབ་ཕྲ་རྣམས་བསྒྲགས། ༢༠༡༤་ལོར་ཨལ་བྷག་དྷ་དཱིས་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་ཁ་ཆེ་རྒྱལ་ཁམས་ཞེས་པའི་འཇིགས་སྐུལ་རིང་ལུགས་པའི་རྒྱལ་ཁབ་ལྟ་བུ་ཞིག་བཙུགས། ཁོ་པས་འགོ་ཁྲིད་པའི་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་མང་པོ་དབང་དུ་བསྡུས། ད་ལྟ་ཁ་ཆེའི་རྒྱལ་ཁམས་ཀྱི་འགོ་ཁྲིད་ཨལ་བྷག་དྷ་དཱི་བསད་པ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་དེར་ཕམ་ཉེས་ཆེན་པོ་ཞིག་ཡིན། ཡིན་ནའང་ཉམས་ཞིབ་པ་ཚོས་ཨལ་བྷག་དྷ་དཱི་མེད་པར་གྱུར་པའི་རྗེས་སུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་འགོ་ཁྲིད་གསར་པ་ཞིག་གདམ་སྲིད། ཁ་ཆེའི་རྒྱལ་ཁམས་ནི་སྔར་བཞིན་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་གདུག་རྩུབ་ཅན་ཞིག་ཡིན་པའི་ཉེན་ཀ་དེ་ཉིད་མེད་པར་གྱུར་མེད་ཅེས་གླེང་།

ཨ་བྷུ་བྷ་ཁར་ཨལ་བྷག་དྷ་དཱི་ཇི་ལྟར་ཨ་མི་རི་ཀའི་དམག་གིས་བསད་པ་ཡིན་ནམ། ཨལ་བྷག་དྷ་དཱིའི་འཐབ་གྲོགས་གཙོ་བོ་ཞིག་དང་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་མི་ཞིག་གིས་ཨལ་བྷག་དྷ་དཱི་གང་དུ་སྐུང་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་ནས་འཇིགས་སྐུལ་རིང་ལུགས་ཀྱི་འགོ་ཁྲིད་དེ་རྩ་མེད་གཏོང་ཐུབ་སོང་ཞེས་ཨི་རཀ་གི་གཞུང་འབྲེལ་མི་སྣ་ཚོས་བཤད། ཨི་རཀ་གི་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོས་ཟླ་བ་གཉིས་ཀྱི་གོང་དུ་རྒྱལ་ས་བྷག་དྷ་ཐེ་གྲོང་ཁྱེར་གྱི་མཐའ་འདབས་ཤིག་ཏུ་མོ་ཧེ་མེ་ཐེ་ཨ་ལི་ས་ཇེ་ཐེ་ཟེར་པའི་འཇིགས་སྐུལ་རིང་ལུགས་པ་ཞིག་འཛིན་བཟུང་བྱེད་ཐུབ་སོང་། ཁོ་པ་༢༠༡༥་ནས་ཁ་ཆེའི་རྒྱལ་ཁམས་ཀྱི་ཚོགས་མི་ཞིག་ཡིན་པ་དང་ཨལ་བྷག་དྷ་དཱི་ལ་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་མི་ཞིག་ཀྱང་རེད་འདུག ཁོ་པས་ཨི་རཀ་གཞུང་ལ་ཨལ་བྷག་དྷ་དཱི་ཁྱིམ་མཚེས་རྒྱལ་ཁབ་སི་རི་ཡའི་ས་གནས་ངེས་ཅན་ཞིག་དུ་སྐུང་ཡོད་སྲིད་པའི་ས་གནས་དེ་དང་ཨལ་བྷག་དྷ་དཱིའི་ཡིག་སྐྱེལ་བ་སུ་ཡིན། ཨལ་བྷག་དྷ་དཱིས་ཕྱི་ལ་འབྲེལ་བ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་གསང་བའི་གནས་ཚུལ་ཆ་ཚང་མཁོ་སྤྲོད་བྱས་སོང་། དེར་བརྟེན་ང་ཚོས་ཨལ་བྷག་དྷ་དཱིའི་ཡིག་སྐྱེལ་བར་རྗེས་འདེད་བྱས་ནས་ཁོ་པར་གཏོར་རྒོལ་བྱས་ཏེ་བསད་པ་ཡིན། ང་ཚོས་ཡིག་སྐྱེལ་བ་དེའི་ཆུང་མ་འཛིན་བཟུང་བྱེད་ཐུབ་སོང་། ཆུང་མ་དེས་ང་ཚོར་ས་གནས་གཞན་ཞིག་བསྟན་སོང་བས་ཨལ་བྷག་དྷ་དཱི་ས་གནས་དེར་སྐུང་ཡོད་སྲིད་པའི་རྟགས་མཚན་གསལ་པོ་འདུག དེ་ནས་ང་ཚོས་ཨ་མི་རི་ཀའི་གསང་བའི་ལས་ཁང་ལ་གནས་ཚུལ་དེ་རྣམས་མཁོ་སྤྲོད་བྱས་པ་དང་མི་དེ་ལ་བརྟེན་ནས་ཨལ་བྷག་གི་དྷ་དཱི་གང་དུ་སྐུང་ཡོད་མེད་ལ་རྩད་གཅོད་བྱ་རྒྱུར་གྲུབ་འབྲས་སྨིན་སོང་ཞེས་བཤད།

ཨི་རཀ་གཞུང་གིས་ཨ་མི་རི་ཀར་གསང་བའི་གནས་ཚུལ་དེ་རྣམས་མཁོ་སྤྲོད་བྱས་པ་ནི་ཨལ་བྷག་དྷ་དཱི་རྩད་གཅོད་ཐུབ་པའི་གསང་བའི་གནས་ཚུལ་གཙོ་བོ་ཡིན་རུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་དང་ཚོགས་སྡེ་མང་པོ་ཞིག་གི་གསང་བའི་ལས་ཁང་རྣམས་མཉམ་འབྲེལ་བྱས་ནས་ཨལ་བྷག་གི་དྷ་དཱི་རྩད་གཅོད་ཐུབ་སོང་ཞེས་བཤད་པར་མ་ཟད། ཉམས་ཞིབ་པ་མང་པོ་ཞིག་གིས་ཨི་རཀ་དང་སི་རི་ཡ། ཏུར་ཀི་དང་ཨུ་རུ་སུ། སོ་ཌི་ཨ་རེ་བྷི་ཡ། ཨ་མི་རི་ཀའི་འཐབ་གྲོགས་གཙོ་བོ་ཀུར་དི་མི་རིགས་ཀྱི་གསང་ཉུལ་བ་སོགས་ཀྱི་ནུས་པ་ཆེན་པོ་བཏོན་ཡོད་ཅེས་གླེང་སློང་བྱེད་ཀྱི་ཡོད་ཅིང་། སོ་ཌི་ཨ་རེ་བྷི་ཡའི་ཨལ་ཨ་རེ་བྷི་ཡ་བརྙན་འཕྲིན་ཁང་གིས་ས་ཇེ་ཐེ་ལ་བཅར་འདྲི་ཞུས། ས་ཇེ་ཐེས་གསར་འགོད་པར་ཨལ་བྷག་དྷ་དཱི་ཡིབ་སྐུང་བྱེད་པའི་ཐབས་ཇུས་དེ་རྣམས་མཆོག་ཏུ་གྱུར་པ་ཞིག་རེད། ང་ཚོས་ཁོ་པར་འདི་འདྲ་ཞིག་འབྱུང་གི་རེད་བསམས་མ་སོང་། ཁོ་པ་རང་གིས་ཀྱང་སོ་སོའི་བདེ་འཇགས་སྲུང་སྐྱོབ་དམ་པོ་ཡོད་པས་ལས་སླ་བོར་གསོད་ཐུབ་རྒྱུ་རེད་བསམས་ཡོད་རྒྱུ་མ་རེད། ང་ཨི་རཀ་དང་སི་རི་ཡ་ས་མཚམས་ཤིག་ཏུ་ཨལ་བྷག་དྷ་དཱིར་ཐུག་འཕྲད་བྱུང་སོང་། ཁོ་པའི་བདེ་འཇགས་སྲུང་སྐྱོབ་ཧ་ཅང་ཡག་པོ་འདུག ཁོ་ཚོ་ལུག་རྫི་ཡིན་པའི་རྣམ་པ་སྟོན་པ་དང་ཨལ་བྷ་དྷ་དཱི་ས་དོང་ནང་དུ་སྐུང་འདུག ས་དོང་དེའི་ཐོག་ཏུ་གུར་ཞིག་ཕུབ་ཡོད་པས་གཞན་གྱིས་དོགས་པ་མི་འབྱུང་། ང་ཨལ་བྷག་དྷ་དཱི་ལ་ཐུག་པའི་དུས་དེར་ཕྱོགས་གང་ཐད་དུ་དམག་གིས་མཐའ་བསྐོར་ནས་ཐར་ས་མེད་པར་འགྱུར་གྱི་ཡོད་པས་ཁོ་པའི་འགུལ་སྐྱོད་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ཅེས་བཤད་བྱུང་། དམག་གི་མཐའ་བསྐོར་ནས་ཉེན་ཀ་ཆེ་རུ་འགྲོ་བཞིན་པར་ཨལ་བྷག་དྷ་དཱི་ཡང་བློ་འཚབ་ཡོང་གི་འདུག ཁོ་པ་སྐུང་ཡུལ་བརྗེ་དགོས་བསམས་ཀྱང་གང་དུ་བྲོས་འགྲོ་དགོས་མིན་མ་ཤེས་པར་ལུས་འདུག་ཅེས་ཨི་རཀ་གི་བཀག་ཉར་ཁང་དུ་ས་ཇེ་ཐེ་ཞེས་པའི་མི་དེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

ཟླ་བ་༦་གི་སྔོན་དེར་ཨི་རཀ་གི་བདེ་འཇགས་མི་སྣ་ཚོས་ཨན་བྷར་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་པའི་བྱེ་ཐང་དུ་ཁ་ཆེ་རྒྱལ་ཁམས་ཀྱི་ཚོགས་མི་༦་འཛིན་བཟུང་ཐུབ་ཅིང་། ཚོགས་མི་དེ་རྣམས་གཉེན་སྒྲིག་གི་འབྲེལ་བ་བརྒྱུད་ནས་ས་ཇེ་ཐེ་ལ་འབྲེལ་བ་ཡོད་པ་སྟེ། ཁོ་ཚོས་ང་ཚོ་བྱེ་ཐང་དུ་སྐུང་བ་ཡིན། ང་ཚོ་ཁག་ཅིག་གིས་ཨལ་བྷག་དྷ་དཱི་ལ་བཟའ་བཏུང་དང་ཇ་ཆང་། བུད་མེད་རྣམས་མཁོ་སྒྲུབ་བྱ་དགོས་པའི་ལས་འགན་བསྒྲུབ་དགོས། ཨལ་བྷག་དྷ་དཱི་ས་དོང་གཏིང་ཚད་མཱི་ཊར་༨་དང་ཞེང་ལ་མཱི་ཊར་༥་ནས་༦་ཙམ་ཡོད་པ་ཞིག་གི་ནང་དུ་སྐུང་ཡོད། ས་དོང་ནང་དུ་དཔེ་མཛོད་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་དཀོན་མཆོག་གི་བཀའ་དེབ་དང་ཆོས་དཔེ་སོགས་འདུག ས་དོང་ནང་དུ་གློག་དང་ཡིབ་སྐུང་ལ་མཁོ་ངེས་ཀྱི་མཐུན་རྐྱེན་རྣམས་འཛོམས་འདུག་ཅེས་བཤད་པས་ཨལ་བྷག་དྷ་དཱི་ཡིབ་སྐུང་གི་དུས་སུ་ཇི་ལྟར་འཚོ་གནས་བྱས་ཡོད་མེད་ཆེ་ལོང་ཙམ་ཤེས་རྟོགས་ཐུབ། ཨི་རཀ་གི་གསང་བའི་ལས་ཁང་གིས་འཇིགས་སྐུལ་རིང་ལུགས་པ་འཛིན་བཟུང་བྱས་པ་དེ་དག་ལ་འདྲི་གཅོད་བྱས་ནས་ཤེས་རྟོགས་བྱུང་བ་རྣམས་ཨ་མི་རི་ཀའི་གསང་བའི་ལས་ཁང་ལ་སྤྲད། ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་མི་དང་འཁོར་སྐར་བཙུགས་ནས་ཨལ་བྷག་དྷ་དཱི་ཡིབ་སྐུང་བྱ་ཡུལ་དེར་བརྟག་དཔྱད་གཟབ་ནན་བྱས་པའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཟའ་མཇུག་དེར་གཏོར་རྒོལ་བྱ་དགོས་པའི་བཀའ་ཕབ།

གཟའ་སྤེན་པའི་དགོང་མོར་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུས་སྔོན་ལ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་ཨལ་བྷག་དྷ་དཱི་ཡོད་སར་གཏོར་རྒོལ་བྱུང་། དེ་ནས་ཨ་མི་རི་ཀའི་དམག་གིས་ས་གནས་དེ་མཐའ་བསྐོར་ཏེ་ཁོ་པར་མགོ་སྒུར་ཞེས་རྒྱང་བསྒྲགས་ནང་དུ་སྐད་བརྒྱབ། ད་དུང་ཨ་མི་རི་ཀའི་དམག་གིས་ས་དོང་ནང་དུ་འཐབ་ཁྱི་བཏང་སྟེ་ཁོ་པར་མུག་ཏུ་བཅུག ཨལ་བྷག་དྷ་དཱི་ཨ་རིའི་འཐབ་ཁྱི་ལ་སྐྲག་ནས་ངུ་སྐད་བརྒྱབ། མཐར་ཁོ་པ་ཐར་ས་མེད་པ་ངོས་ཟིན་མཚམས་སུ་བུ་གཉིས་དང་མཉམ་དུ་རང་སྲོག་བཅད་ནས་ཤི། ལོ་ཤས་གོང་དུ་ཨ་མི་རི་ཀས་ཁ་ཆེ་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས། ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་ཁ་ཆེ་རྒྱལ་ཁམས་ཀྱིས་དབང་སྒྱུར་བྱས་པའི་ས་ཆ་རྣམས་ཨི་རཀ་གི་གཞུང་དམག་དང་སི་རི་ཡའི་དམངས་གཙོའི་འཐབ་དམག་ལ་ཤོར་ནས་བཟུང་། ཨལ་བྷག་དྷ་དཱིས་རང་གི་བཟའ་ཟླ་བུ་ཕྲུག་རྣམས་ཁྲིད་ནས་ཏུར་ཀིའི་ས་ཐོག་ཏུ་བྲོས་བྱོལ་ལ་འགྲོ་རྒྱུའི་འབད་བརྩོན་བྱས་ཀྱང་ཐར་ས་མ་རྙེད། ད་དུང་ཡང་རྒྱལ་སྤྱིའི་གསང་བའི་ལས་ཁང་ཁག་ཅིག་གིས་ཨི་རཀ་དང་སི་རི་ཡའི་ས་གནས་ཁག་ཏུ་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་༡༨༠༠༠་ཙམ་སྐུང་འདུག ཁོ་ཚོས་ཨ་མི་རི་ཀའི་དམག་དཔུང་སི་རི་ཡའི་བྱང་ཕྱོགས་ནས་ཕྱིར་འཐེན་བྱས་པའི་གོ་སྐབས་ལ་སྒྲུག་ནས་རོ་ལངས་རྒྱག་རྒྱུའི་ངན་ཇུས་གཤོམ་གྱིན་འདུག་ཅེས་བཤད། སི་རི་ཡའི་ཀུར་དི་མི་རིགས་ཀྱི་དམངས་གཙོའི་འཐབ་དམག་གི་བཙོན་ཁང་ཁག་ཏུ་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པ་སྟོང་ཕྲག་མང་པོ་འཛིན་བཟུང་ཡོད། འོན་ཀྱང་ཨ་མི་རི་ཀའི་དམག་དཔུང་ས་ཁུལ་དེ་ནས་ཕྱིར་འཐེན་བྱས་པའི་སྟབས་ཀྱིས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་སྔར་བཞིན་བཙོན་འཇུག་བྱས་ནས་ཉར་འཛིན་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་འདུག

XS
SM
MD
LG