ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཕྱི་ལ་གནས་འཁོད་སྐྱོན་བརྗོད་པ་ཚོར་རྡུང་རྡེག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རང་དབང་ཁང་གིས་དམིགས་བསལ་སྙན་ཐོ་ཞིག་བཏོན་ཡོད་པ་དེར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་འཁོད་སྐྱོན་བརྗོད་བྱེད་མཁན་ཚོ་དམིགས་འབེན་དུ་བཟུང་ནས་དྲག་གནོན་དང་རྡུང་རྡེག་གི་ལས་འགུལ་སྤེལ་རྒྱུ་རྒྱ་ཆེ་རུ་བཏང་སྟེ་མི་གྲངས་༣༤༠༠༠༠༠་ལ་ཁྱབ་ཀྱི་འདུག་ཅེས་བཀོད། སྙན་ཐོ་དེར་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་ཕྱིན་པའི་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་མི་སྣ་དང་ཡུ་གུར་བ། ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་དང་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཟུར་པ་བཅས་ལ་དམིགས་ནས་འཛམ་གླིང་ཡོངས་སུ་རྙོག་དྲ་ཚ་ཤོས་དང་གོ་ལ་གཅིག་གྱུར་ཅན་ཆེ་ཤོས། ཐབས་ཇུས་ཆེས་ཞིབ་ཚགས་ཅན་ཞིག་ཏུ་གྱུར་ཏེ་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་སྐྱོན་བརྗོད་བྱེད་མཁན་ཚོར་དྲག་གནོན་བྱེད་ཀྱི་འདུག རྒྱ་ནག་གི་ལས་འགུལ་དེ་ཉིད་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་བརྒྱུད་ནས་མི་སྣ་དེ་རྣམས་འཛིན་བཟུང་བྱེད་དུ་འཇུག་པ་དང་ཉེས་ཆད་གཅོད་པ། སྤྱོད་ལམ་ལ་སྟངས་འཛིན་དང་དྲྭ་རྒྱའི་བརྒྱུད་ནས་འཇིགས་སྐུལ་བྱ་རྒྱུ། གསང་མྱུལ་གཉེན་ཆས་དང་ངོ་ཚབ་བཏང་ནས་རྒྱང་རིང་ནས་སྟངས་འཛིན་བྱེད་ཀྱི་ཡོད་པ་སོགས་རེད་ཅེས་བཀོད།།

ཨ་རིའི་གཞུང་འབྲེལ་མ་ཡིན་པའི་རང་དབང་ཁང་གིས་རེས་གཟའ་ཕུར་བུ་སྟེ། སྤྱི་ཟླ་༢་པའི་ཚེས་༤་ཉིན་བཏོན་པའི་སྙན་ཐོ་དེར་རྒྱ་ནག་དམར་ཤོག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་འཁོད་ཁ་གཏད་པ་ཚོར་རྗེས་འདེད་དང་གཏོར་བཅོམ་བྱེད་ཀྱི་འདུག་ཅེས་བསྟན། སྙན་ཐོ་དེའི་མཚན་བྱང་ལ་དམིགས་བསལ་སྙན་ཐོ་རྒྱལ་མཚམས་བརྒལ་བའི་དྲག་གནོན། རྒྱ་ནག་དང་ཡུལ་ཁག་གཞན་ནས་གོ་ལའི་ཁྱོན་གྱི་དམངས་གཙོའི་ལམ་ལུགས་ལ་འབྱུང་བཞིན་པའི་ཉེན་ཁ་རྣམས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཅེས་བཀོད་འདུག སྙན་ཐོ་དེར་༢༠༡༤་ལོ་ནས་བཟུང་སྟེ་རྒྱ་ནག་གིས་ཐད་ཀར་མི་སྒེར་ལ་དམའ་འབེབས་བྱས་པའམ། ཡང་ན་རྒྱ་ནག་གཞུང་དེ་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཐེངས་༢༡༤་བྱུང་བ་གསལ་བཀོད་བྱས་ཤིང་། རྒྱལ་ཁབ་གཞན་པ་ཐམས་ཅད་ལས་ཀྱང་རྒྱ་ནག་གིས་ལས་འགུལ་དེའི་རིགས་མང་བ་སྤེལ་འདུག་ཅེས་བསྟན། འོན་ཀྱང་རྒྱལ་མཚམས་བརྒལ་བའི་གནོད་འཚེའི་ལས་འགུལ་སྤེལ་མཁན་ནི་རྒྱ་ནག་ཁོ་ན་མིན་པར་ཨུ་རུ་སུ་དང་རི་ཝན་ཌ། སོ་ཌི་ཨ་རེ་བྷི་ཡ་དང་ཏུར་ཀི ཨི་རན་སོགས་ཀྱང་དེའི་ཁོངས་སུ་འདུས། རྒྱ་ནག་དམར་ཤོག་གི་ངོ་རྒོལ་དམིགས་འབེན་དུ་གྱུར་པའི་གྲངས་འབོར་ནི་འདས་པའི་ལོ་གཅིག་གི་རིང་དུ་ཁྱབ་རྒྱ་ཧ་ཅང་ཇེ་ཆེར་སོང་འདུག སྔོན་ཆད་ཡུ་གུར་བ་དང་བོད་པ། ཧྥ་ལུན་ཀུང་ཆོས་འཁོར་སྒོམ་གྲུབ་པ་བཅས་ཡིན་མོད། ད་ལྟ་རྒྱ་ནག་གི་གནོད་འཚེའི་ལས་འགུལ་སྤེལ་ཡུལ་ཁོངས་སུ་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་འཁོད་སོག་པོ་དང་ཧོང་ཀོང་བ་རྣམས་ཀྱང་འདུག་ཅེས་བཀོད།།

རྒྱ་ནག་གིས་གནོད་འཚེ་གཏོང་ཐབས་དང་ལག་རྩལ་རྣམས་གང་ཅིའི་ཐད་དུ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཅིང་། རྒྱ་ནག་གི་དབང་འཛིན་པ་ཚོས་སྐད་འཕྲིན་ནང་དུ་ཆ་འཕྲིན་འཇོག་པ། སྤྱི་ཚོགས་དྲྭ་ལམ་དང་མ་དངུལ་ཞབས་ཞུའི་མ་ལག་ཁག་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་འཁོད་རྒྱ་ནག་པ་ཚོས་གླེང་མོལ་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱི་ནང་དོན་ལ་ལྐོག་ཉན་དང་སྟངས་འཛིན། ཉེ་བའི་ལོ་ཤས་རིང་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་པའི་ལས་འགུལ་དེ་ཉིད་ཕྱིའི་རྒྱལ་ཁབ་ཏུ་ཁྱབ་སྟེ་སྤྱི་རྒྱུ་སྒེར་སྤྱོད་བྱས་སོང་ཞེས་ཉེས་མིང་བཏགས་ནས་ཕྱིའི་རྒྱལ་ཁབ་ཏུ་བྲོས་པའི་རྒྱ་ནག་གི་དཔོན་རིགས་ཟུར་པ་སྟོང་ཕྲག་ཁ་ཤས་རྒོལ་རྡུང་གི་ཁྱབ་ཁོངས་སུ་བསྡུས། འཛམ་གླིང་ཁྱོན་ཡོངས་སུ་ཧ་ལམ་མི་གྲངས་༣༥༠༠༠༠༠་ལྷག་ལ་རྒྱ་ནག་དམར་ཤོག་གིས་མངོན་སུམ་དང་མངོན་སུམ་མ་ཡིན་པར་ཐབས་ཇུས་ཅི་རིགས་ཀྱི་སྒོ་ནས་སྡིགས་ར་བསྐུལ་ཏེ་གནོན་ཤུགས་ཆེན་པོ་སྤྲད་འདུག་ཅེས་ཐེར་འདོན་བྱས་འདུག

རང་དབང་ཁང་པའི་སྤྱི་ཁྱབ་འགན་འཛིན་མཱེ་ཁེལ་ཨེབ་ར་མོ་ཝི་ཛིས་བརྗོད་དོན་ལྟར་ན། རྒྱ་ནག་གིས་རྒོལ་རྡུང་དང་གནོད་འཚེ་གཏོང་ཚུལ་གྱི་གཞི་ཁྱོན། འཚེ་བའི་ལས་འགུལ་གྱི་རྣམ་པར་བལྟས་ན་དོ་བདག་སོ་སོ་འབྲེལ་ཡོད་རྒྱལ་ཁབ་དེ་ནས་ཁ་བྲལ་ཟིན་ཡོད་པའི་དབང་དུ་བཏང་རུང་མི་དེ་སྔར་བཞིན་རྒྱ་གཞུང་གི་དམིགས་འབེན་འོག་ནས་ཐར་གྱི་མི་འདུག འཛམ་གླིང་གི་ས་ཁྱོན་ཀུན་གྱི་བཙན་བྱོལ་བ་ཚོར་རྒྱ་ནག་གིས་ལྟ་རྟོགས་དང་རྒོལ་རྡུང། ཐ་ན་བཙན་ཁྲིད་དང་ལྐོག་གསོད་བཅས་ཀྱི་ཉེན་ཁ་མུ་མཐུད་དུ་འབྱུང་ངེས་རེད། འཇིགས་སྐུལ་དེས་སྐྱོན་བརྗོད་བྱེད་མཁན་ཚོས་རང་དབང་གི་སྒོ་ནས་བསམ་ཚུལ་བཤད་ཐུབ་པའི་ནུས་པ་རྩ་མེད་བཏང་འདུག ད་སྔ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྙན་ཐོ་དེར་ལན་འདེབས་བྱས་མེད་ཅིང་། དེ་སྔོན་རྒྱ་ནག་གིས་ཨ་རིའི་གཞུང་འབྲེལ་མ་ཡིན་པའི་སྒེར་གྱི་ཚོགས་པ་དེས་རྒྱ་ནག་ལ་ཕྱོགས་ལྷུང་གི་སྒོ་ནས་ལྟ་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་མྱོང་ཡོད་པ་རེད།། ༢༠༡༩་ལོར་རྒྱ་ནག་གིས་ཨ་རིའི་རང་དབང་ཁང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་ནས་ཉམས་ཞིབ་ཁག་དེ་རྒྱ་ནག་གི་ཐོ་གཞུང་ནག་པོའི་ནང་དུ་བཀོད་པར་མ་ཟད། ༢༠༢༠་ལོའི་སྤྱི་ཟླ་༨་པའི་ཚེས་༡༠་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་རང་དབང་ཁང་གི་འགན་འཛིན་ཨེབ་ར་མོ་ཝི་ཛི་ཚུད་པའི་ཨ་རི་བ་མི་༡༡་ལ་ཉེས་ཆད་བཅད། འོན་ཏེ་ཨ་རིའི་རང་དབང་ཁང་གིས་རྒྱ་ནག་ཞིབ་འཇུག་བྱ་ཡུལ་གཙོ་བོར་བཟུང་། སྙན་ཐོ་གསར་པ་འདིར་འཁོད་པའི་བརྗོད་དོན་ཁག་ནི་རྒྱ་ནག་གིས་ལྟ་རྟོག་དང་སུན་གཙེར། འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གྲས་ཀྱི་དཔེ་མཚོན་ཉུང་ཤས་ཤིག་རེད། རྒྱ་ནག་དམར་ཤོག་གིས་དེང་སང་ཕྱིའི་རྒྱལ་ཁག་ཏུ་གནས་འཁོད་ཆབ་སྲིད་བཙོན་ཟུར་དང་གྲངས་ཉུང་མི་རིགས་བཙན་བྱོལ་བ་ཚོར་ལྟ་རྟོག་ནན་པོ་བྱས་ནས་སྐྱེ་བོ་དེ་དག་གི་གཞི་རྩའི་ཁེ་དབང་འཕྲོག་པ། རྒྱ་ནག་གིས་མུ་མཐུད་དུ་རང་དབང་རྒྱལ་ཁབ་ཁག་ཏུ་འཚོ་གནས་བྱེད་བཞིན་པ་སྟངས་འཛིན་བྱེད་ཀྱི་འདུག་ཅེས་བཀོད་དོ།།

XS
SM
MD
LG