ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྔ་ལོ་ཧོང་ཀོང་བ་ཁྲི་ཚོ་གཅིག་ལྷག་ཐེ་ཝན་ལ་བྲོས་བྱོལ་དུ་ཕྱིན་པ།


༄༅།། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ནས་བཟུང་། ཧོང་ཀོང་བ་འབུམ་ཕྲག་མང་པོ་རང་ཡུལ་དུ་གནས་སྡོད་བྱེད་མི་ཐུབ་པའི་དཀའ་ངལ་ཆེ་རུ་སོང་སྟེ་ཨོ་གླིང་རྒྱལ་ཁབ་དང་དབྱིན་ཇི། ཁེ་ན་ཌ་དང་ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གནས་སྤོར་བྱེད་འགོ་ཚུགས། སྔ་ལོ་གཅིག་པུར་ཧོང་ཀོང་གི་སློབ་ཕྲུག་དང་ན་གཞོན་གཙོས་མི་༡༡༠༠༠་ཡས་མས་ཤིག་ཐེ་ཝན་ལ་བྲོས་བྱོལ་དུ་སོང་། ཐེ་ཝན་གཞུང་གིས་ཧོང་ཀོང་བ་དེ་དག་ལ་ཡུན་ཐུང་གི་གནས་སྡོད་པ་ཞེས་མཚོ་གླིང་དེར་འདུག་ཆོག་པའི་ཐོབ་ཐང་སྤྲད། དེ་ནི་༢༠༡༩་ལོར་ཧོང་ཀོང་བ་རྣམས་ཐེ་ཝན་ལ་བྲོས་བྱོལ་དུ་འབྱོར་བའི་གྲངས་འབོར་ལས་ལྡབ་གཉིས་ཇེ་མང་དུ་སོང་། སྔ་མོ་ནས་ཧོང་ཀོང་བ་རྣམས་ཐེ་ཝན་ལ་གནས་སྤོར་བྱས་ནས་རང་དབང་དང་དམངས་གཙོའི་སྤྱི་ཚོགས་དེར་ཁྱིམ་གཞིས་གསར་དུ་ཆགས་རྒྱུའི་དར་སྲོལ་ཆེན་པོ་ཞིག་འདུག ཡིན་ནའང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་པ་དེས་ཧོང་ཀོང་བ་ཚོ་ཐེ་ཝན་ལ་སྡེབ་སྤོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ༢༠༡༩་ལོར་ཧོང་ཀོང་བ་༥༨༥༨་ཐེ་ཝན་ལ་སླེབས་པ་དང་༢༠༢༠་ལོར་ཧོང་ཀོང་བ་༡༠༨༡༣་ཐེ་ཝན་ལ་འབྱོར་སོང་ཞེས་མཚོ་གླིང་དེའི་རྒྱལ་ཡོངས་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་འདུག

༢༠༡༤་ལོར་ཧོང་ཀོང་ལ་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་ལངས་པའི་རྗེས་སུ་ཧོང་ཀོང་བ་༧༦༠༦་རང་ཡུལ་དུ་སྡོད་བཟོད་མ་བདེ་བར་ཐེ་ཝན་ལ་བྲོས་བྱོལ་དུ་སོང་། ཐེ་ཝན་གྱི་རང་དབང་གསར་ཤོག་གི་གསར་འགོད་པས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། གལ་སྲིད་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་ས་མཚམས་བཀག་མེད་ན་ཧོང་ཀོང་ནས་ཐེ་ཝན་ལ་བྲོས་བྱོལ་བ་འབྱོར་རྒྱུ་དེ་བས་ཀྱང་མང་དུ་འགྲོ་ངེས་རེད། ཐེ་ཝན་ལ་སྐྱབས་བཅོལ་བ་ལེན་ཆོག་པའི་ཁྲིམས་ཤིག་མེད་པས་སྐྱབས་བཅོལ་བའི་སྙན་ཞུ་ཡང་ལེན་སྲོལ་མི་འདུག དེ་ནི་རྒྱ་ནག་སྐམ་ས་ཆེན་མོའི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་འོག་ནས་ཐེ་ཝན་ལ་སྐྱབས་བཅོལ་བ་ཟམ་མ་ཆད་པར་ལུག་ཡོང་སྲིད་པའི་འཇིགས་སྣང་ལ་ཐུག་མོད། འོན་ཀྱང་ཐེ་ཝན་གཞུང་གིས་ཧོང་ཀོང་བ་ཚོར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མཁན་ཟེར་བ་དང་སློབ་ཕྲུག་ཡིན་ཟེར་བ། ཟླ་ཤས་རིང་ཐེ་ཝན་དུ་ལྷོད་སྡོད་བྱེད་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ཟེར་བ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་ཡུན་ཐུང་གི་ཐོངས་མཆན་སྤྲོད་ཀྱི་ཡོད་པ་རེད་ཅེས་བཀྲལ། ན་ནིང་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཅེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་ཐེ་ཝན་གཞུང་གིས་ལས་ཁུངས་གསར་པ་ཞིག་བཙུགས་ཏེ་ཧོང་ཀོང་ནས་བྲོས་བྱོལ་དུ་འབྱོར་བ་ཚོར་ལྟ་རྟོག ཧོང་ཀོང་བ་དེ་རྣམས་ཐེ་ཝན་གྱི་གནས་ཁག་ཏུ་གནས་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲོད་ཕྱོགས་སོགས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ངོ་རྒོལ་ལས་འགུལ་བ་རྣམས་འཛིན་བཟུང་། དེང་སྐབས་ཧོང་ཀོང་གི་ས་གནས་ཁག་ཏུ་ངོ་རྒོལ་ལས་འགུལ་ཅི་ཞིག་སྤེལ་རུང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་བཙོན་དུ་བཅུག ཉེ་དུས་ཤིག་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་ནི་རྒྱ་ནག་གི་གཅིག་སྡུད་ལམ་ལུགས་འོག་ཏུ་བསྡུས་ནས་མངའ་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཕྱིར་བསྡུ། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་རྣམས་མེད་པར་བཏང་སྟེ་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཞིག་དང་ངོ་བོ་དབྱེར་མེད་དུ་གྱུར། ༡༩༨༩་ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་རྗེས་སུ་རྒྱ་ནག་གི་སློབ་ཕྲུག་མང་པོ་ཞིག་ཁེ་ན་ཌར་སྐྱབས་བཅོལ་དུ་སླེབས་ཡོད་པས་ཧོང་ཀོང་བ་མང་པོ་ཞིག་ཁེ་ན་ཌར་ཐར། དབྱིན་ཇིའི་གཞུང་གིས་ཀྱང་ཕྱིར་སྡོད་དབྱིན་མིའི་ལག་འཁྱེར་ཡོད་པའམ། ༡༩༩༧་སྔོན་དུ་སྐྱེས་པའི་ཧོང་ཀོང་བ་ས་ཡ་༣་ཡས་མས་ཤིག་ལ་དབྱིན་ཡུལ་དུ་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲོད་རྒྱུའི་ཐག་བཅད། ཧོང་ཀོང་གི་འབྱོར་ལྡན་པ་མང་པོ་ཞིག་གིས་ཨོ་གླིང་དང་ཨ་མི་རི་ཀ ཡུ་རོབ་རྒྱལ་ཁབ་ཁག་གི་སྤྱི་དམངས་ཐོབ་ཐང་ཉོས་ནས་གནས་སྤོར་བྱེད་ཀྱི་ཡོད་ཀྱང་ཧོང་ཀོང་བ་མང་ཆེ་བ་ནི་དམངས་གཙོ་དོན་གཉེར་བ་དང་ངོ་རྒོལ་ལས་འགུལ་ཁག་ལ་འབྲེལ་བ་ཡོད་པ་ཤ་སྟག་ཡིན་འདུག

ན་ནིང་ཕྱི་ཟླ་༨་པར་ཧོང་ཀོང་བ་༡༢་མགྱོགས་གྲུའི་ནང་དུ་ཐེ་ཝན་ལ་བྲོས་བྱོལ་དུ་འགྲོ་ཐབས་བྱས་ཀྱང་རྒྱ་ནག་གི་མཚོ་སྲུང་དམག་གིས་འཛིན་བཟུང་བྱས་ནས་བཙོན་དུ་བཅུག ཉེ་ཆར་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་བ་དེ་དག་ལ་ཁྲིམས་འགལ་ཐོག་ཏུ་ས་མཚམས་བརྒལ་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་བྱས་པར་མ་ཟད། ཧོང་ཀོང་བ་༡༠་ལ་དུས་ཡུན་ཟླ་བ་༧་ནས་ལོ་༣་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད། མི་གཉིས་བཙོན་འཇུག་གི་ལོ་ན་སོན་མེད་པའི་སྟབས་ཀྱིས་ཧོང་ཀོང་ས་གནས་གཞུང་ལ་རྩིས་སྤྲད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་ཧེ་ནན་ཞིང་ཆེན་གྱི་ཁྲིམས་འཛིན་ལྷན་ཁང་གིས་ཧོང་ཀོང་བ་དེ་དག་གི་ཁྲིམས་རྩོད་པ་རཱེན་ཆོན་ཉུག་གི་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་ནས་ཁྲིམས་རྩོད་པའི་ཆེད་དུ་གཉེར་མི་ཆོག་ཅེས་ཐག་བཅད། རཱེན་ཆོན་ཉུག་གི་རྒྱབ་སྐྱོར་བ་ཁྲིམས་རྩོད་པ་རྣམས་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཁྲིམས་འཛིན་ལྷན་ཁང་གི་ཉན་ཞིབ་ཚོགས་འདུར་ཞུགས་ཐབས་བྱས་ཀྱང་ཚོགས་ཁང་དུ་མ་ཐར། གཟའ་འཁོར་གཉིས་ཀྱི་སྔོན་དེར་སི་ཁྲོན་ཞིང་ཆེན་གྱི་ཁྲིམས་འཛིན་ལྷན་ཁང་གིས་ལུ་སི་ཝེ་ཞེས་པའི་ཁྲིམས་རྩོད་པ་ཞིག་གི་ལག་འཁྱེར་ཕྱིར་བསྡུ་བྱས་ཤིང་། ཧེ་ནན་ཞིང་ཆེན་གྱི་ཁྲིམས་འཛིན་ལྷན་ཁང་གིས་རཱེན་ཆོན་ཉུག་གིས་༢༠༡༨་ལོར་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་ཞིག་ལ་དག་འབུད་བྱས་ནས་ཁྲིམས་ཁང་དུ་རྩོད་པ་བརྒྱབ་སྟེ་སྤྱི་ཚོགས་ལ་ཤན་ཤུགས་ངན་པ་ཞིག་ཐེབས་སོང་། ཁོ་པས་རྒྱ་ནག་གི་ཉེས་དོན་ཁྲིམས་བཤེར་ལམ་ལུགས་ལ་གཏོར་བརླག་བྱས་པ་དང་རྒྱ་ནག་གི་ཁྲིམས་རྩོད་ཆེད་ལས་ལ་ནག་ཐིག་ཆེན་པོ་ཞིག་ཕབ་སོང་ཞེས་སྐྱོན་བཙུགས། རཱེན་ཆོན་ཉུག་གིས་རྒྱ་ནག་གི་དབང་འཛིན་པ་ཚོས་ཉེས་འཛུགས་བྱེད་ཀྱི་ཡོད་པ་དེར་ཁུངས་ལུང་མི་འདུག ངའི་ཁྲིམས་རྩོད་པའི་ལག་འཁྱེར་རྒྱུ་རྐྱེན་དེ་འདྲ་ཞིག་ལ་བརྟེན་ནས་ཕྱིར་བསྡུ་བྱས་པ་ཡིན་ན་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་རྦད་དེ་རུལ་ཟིན་པའི་རྟགས་མཚན་རེད་ཅེས་དགག་པ་བརྒྱབ།

དེ་རིང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཊོས་ཊར་དྲྭ་ལམ་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ལུ་སི་ཝེ་དང་ཧོང་ཀོང་བ་༡༢་ཀྱི་ཁྲིམས་རྩོད་པ་རཱེན་ཆོན་ཉུག་གཉིས་ཀྱི་ལག་འཁྱེར་ཕྱིར་བསྡུ་དང་ཁྲིམས་རྩོད་པ་དེ་དག་ལ་སུན་གཙེར་བྱེད་ཀྱི་ཡོད་པར་བློ་འཚབ་ཆེན་པོ་ཡོད། ང་ཚོས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཀྱང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་གོང་བཀུར། ཁྲིམས་རྩོད་པ་ཪེན་དང་ལུ་གཉིས་ཀྱི་ལག་འཁྱེར་བསྐྱར་གསོ་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་བསྒྲགས། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་སྤྱི་ཚོགས་ཀྱི་ལས་འགུལ་བ། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཁྲིམས་རྩོད་པ་མི་རེག་པའི་དཀའ་ངལ་ཆེ་རུ་སོང་འདུག འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བཅུ་ཕྲག་མང་པོའི་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་པའམ། ཡང་ན་ཁོ་ཚོའི་ཁྲིམས་རྩོད་པའི་ལག་འཁྱེར་གྱི་དུས་ཡུན་ཕར་འགྱངས་མི་བྱེད་པ། མདོར་ན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན། བོད་དོན་འཐབ་རྩོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་སོགས་ལ་དག་འབུད་བྱེད་མཁན་ཁྲིམས་རྩོད་པ་ཚོར་ཆེད་ལས་གཉེར་ཆོག་པའི་གོ་སྐབས་མི་སྤྲོད་པ་དང་ཁྲིམས་རྩོད་པ་དེ་དག་གི་མདུན་ལམ་འགོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG