ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རྒྱའི་འཐབ་རྩོད་བར་དུ་ཚུད་པའི་ཨོ་གླིང་དང་ལྷོ་ཀོ་རི་ཡ།


༄༅།། ཨེ་ཤི་ཡའི་མངའ་ཁུལ་དུ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཨོ་གླིང་རྒྱལ་ཁབ་དང་ལྷོ་ཀོ་རི་ཡ་གཉིས་ལ་གདམ་ཀ་ཇེ་ཆུང་དུ་སོང་། ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་ཚོང་ལས་ཐོག་ཏུ་རྒྱ་ནག་ལ་བརྟེན་དགོས་པ་དང་བདེ་འཇགས་སྲུང་སྐྱོབ་ཐོག་ཏུ་ཨ་མི་རི་ཀར་བརྟེན་དགོས་ཤིང་། ད་ལྟ་ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་སྔར་བཞིན་དབུ་མའི་ལམ་ཞིག་ལ་བསྐྱོད་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པའི་གནས་ཚུལ་ཐོན། དེ་ཡང་ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་ཨ་རིའི་ཨེ་ཤི་ཡའི་ཚོགས་པའི་ཡན་ལག་ཁང་གིས་ལྷོ་ཀོ་རི་ཡ་དང་ཨོ་གླིང་གཉིས་ཀྱི་མདུན་ལམ་འཚོལ་ཕྱོགས་ཞེས་དྲྭ་ལམ་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས། ཉི་མ་གཅིག་གི་སྔོན་དེར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་༢༠༢༡་གི་ལོ་མཇུག་འདིར་ཨོ་གླིང་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན། ལྷོ་ཀོ་རི་ཡ་དང་ཨོ་གླིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་༦༠་འཁོར་གྱི་ཡོད་ཅེས་བསྒྲགས། ཨ་མི་རི་ཀའི་འགོ་ཁྲིད་འོག་ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀོ་རི་ཡའི་དམག་འཁྲུག་དང་ཝྭི་ཏེ་ནམ་གྱི་དམག་འཁྲུག་ལ་ཞུགས། ཨོ་གླིང་ནི་དངོས་ཟོག་གི་རྒྱུ་ཆའི་ཐོན་སྐྱེད་ཕྱུག་པོ་ཡོད་པའི་རྒྱལ་ཁབ་ཅིག་དང་ལྷོ་ཀོ་རི་ཡ་ནི་དངོས་ཟོག་བཟོ་སྐྲུན་གྱི་ལག་རྩལ་མཁས་པ་ཡོད་པའི་རྒྱལ་ཁབ་ཅིག་ཡིན། ཉེ་བའི་ལོ་ཤས་ཤིག་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ་ཕྱོགས་གཉིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་གདོང་ཐུག་འབྱུང་སྲིད་པའི་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་སྔར་བཞིན་ཚོང་ལས་རྒྱ་ནག་ལ་བརྟེན་རྒྱུ་དང་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀར་བརྟེན་རྒྱུའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་ཞིག་ཏུ་གྱུར།།

རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཨ་རིའི་ཚད་དེར་མཉམ་གྱི་ཡོད་པས་ཨ་མི་རི་ཀ་དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོབ་ཐོག་ཏུ་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བསྙེ་རྒྱུ་ཤུགས་ཆེ་རུ་མ་སོང་ཀ་མེད་དུ་གྱུར། འོན་ཀྱང་བདེ་འཇགས་སྲུང་སྐྱོབ་ཐོག་ཏུ་ལྷོ་ཀོ་རི་ཡ་དང་ཨོ་གླིང་གཉིས་ལ་ཐུན་མོང་གི་རྨང་གཞི་ཞིག་མེད། ཨོ་གླིང་གིས་ཨ་མི་རི་ཀར་དམག་དོན་འབྲེལ་བ་རྒྱ་སྐྱེད་དང་རྒྱ་ནག་གིས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པར་ཁ་གཏད་གཅོག་པའི་ལངས་ཕྱོགས་བཟུང་། ༢༠༡༧་ལོར་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་རིའི་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་བཙུགས། རྒྱ་ནག་གིས་དེ་ནས་བཟུང་སྟེ་ལྷོ་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་ཕྱིར་ཚོང་འགོག་གི་ཡོད་ཀྱང་ལྷོ་ཀོ་རི་ཡའི་མུ་མཐུད་དུ་རྒྱ་ནག་ལ་ཚོང་འབྲེལ་འཛིན་རྒྱུ་དེར་འགྱུར་བ་མ་ཐེབས། ཨ་མི་རི་ཀས་ལྷོ་ཀོ་རི་ཡར་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་འགོ་ཚུགས། ཉེ་དུས་ཤིག་ནས་ཕྱོགས་གང་ནས་བལྟས་ཀྱང་ཨོ་གླིང་དང་ལྷོ་ཀོ་རི་ཡར་དབུ་མའི་ལམ་ཞིག་གི་གདམ་ཀ་དཀོན་པོ་ཡིན་པའི་སྣང་ཚུལ་ཞིག་ཤར། གཟའ་ལྷག་པའི་དྲྭ་ལམ་ཚོགས་འདུར་ཞུགས་པའི་མཁས་པ་ཚོས་ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་རང་ཉིད་སྟོབས་ཤུགས་ཆེན་རྒྱལ་ཁབ་གཉིས་ལ་དགོས་མཁོ་ཡོད་པ་ཞིག་ལ་འགྱུར་དུ་འཇུག་དགོས་ཚེ། ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་ལངས་ཕྱོགས་གཅིག་གྱུར་དང་མགྲིན་དབྱངས་གཅིག་གྱུར་གྱིས་ཐུན་མོང་གི་རྨང་གཞི་ཞིག་འཚོལ་དགོས། ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་ཀས་རང་གི་དགོས་མཁོ་ཅི་ཡིན་རྒྱ་ནག་དང་ཨ་མི་རི་ཀར་གསལ་པོར་ངོ་འཕྲོད་དུ་འཇུག་དགོས་ཀྱི་འདུག་ཅེས་བསྟན།།

ལྷོ་ཀོ་རི་ཡའི་ཡོན་སེ་སློབ་གྲྭ་ཆེན་མོས་གདན་འདྲེན་ཞུས་པའི་ཟུང་འབྲེལ་སློབ་དཔོན་ཏེ། ཨོ་གླིང་རྒྱལ་ཡོངས་སློབ་ཆེན་གྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཞིབ་འཇུག་པ་རོ་བྷར་ཊི་སན་གྱིས་བཤད་པ་ལྟར་ན། ད་ལོའི་ཕྱི་ཟླ་༦་པར་མུ་ཇེ་དབྱིན་དང་སི་ཀོ་ཊི་མོ་རི་སན་གཉིས་འཐབ་ཇུས་མཉམ་འབྲེལ་གྱི་ཟླ་གྲོགས་བསྒྲིག་རྒྱུའི་གྲོས་མཐུན་བྱུང་། ལོ་མཇུག་འདིའི་ཐུག་འཕྲད་སྐབས་སུ་མུན་ཅེ་དབྱིན་དང་མོ་རི་སན་གཉིས་ཨོ་གླིང་དང་ལྷོ་ཀོ་རི་ཡ་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱ་རྒྱུ་དེར་གྲོས་མཐུན་ཡོང་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད། ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་ཐབས་ཇུས་འཛིན་སྟངས་རྦད་དེ་ཐ་དད་རེད། ལྷོ་ཀོ་རི་ཡས་འབྲེལ་བ་ཆ་མཉམ་ཞིག་འཛིན་གྱི་ཡོད་པ་དང་ཨོ་གླིང་གིས་གློ་སྙིང་བྲང་གསུམ་ཨ་མི་རི་ཀར་གཏོད་ཀྱི་ཡོད་པ་རེད། ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་ཀས་ཕན་ཚུན་གྱི་ལྟ་ཚུལ་དང་ལམ་ཕྱོགས་ལ་རྒྱུས་ལོན་བྱེད་མ་ཐུབ་བར་དུ་ཕྱོགས་གཉིས་ཀས་ཐུན་མོང་གི་རྨང་གཞི་ཞིག་རྙེད་རྒྱུ་ཁག་པོ་རེད་ཅེས་བཀྲལ། ཨོ་གླིང་གི་ཉམས་ཞིབ་པ་ཞིག་གིས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་ཨོ་གླིང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རྒྱལ་སྲུང་སྲིད་ཇུས་འཛིན་སྟངས་ལྡོག་ཕྱོགས་རེད། ང་ཚོས་རང་གི་རྒྱལ་མཚམས་བརྒལ་ནས་རྒྱལ་སྲུང་སྲིད་ཇུས་ཤིག་བཟུང་སྟེ་ཨི་རཀ་དང་ཨབ་གྷ་ཎི་སི་ཐན་གྱི་དམག་འཁྲུག་ལ་དམག་དཔུང་བཏང་བ་ཡིན། ཉེ་ཆར་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་བཙུགས་པ་དེའི་ཁོངས་སུ་ཨོ་གླིང་མཉམ་ཞུགས་བྱས་པ་རེད། དུས་རབས་སྔོན་མའི་ཀོ་རི་ཡའི་དམག་འཁྲུག་དང་ཝྭི་ཏེ་ནམ་གྱི་དམག་འཁྲུག་སྐབས་སུ་ལྷོ་ཀོ་རི་ཡའི་དམག་མི་༥༠༠༠་ལྷག་གི་ཚེ་སྲོག་ཤོར་བའི་རྗེས་སུ་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡ་གཅིག་པུར་ཁ་གཏད་གཅོག་རྒྱུའི་རྒྱལ་སྲུང་སྲིད་ཇུས་ཤིག་བཟུང་བ་རེད། ལྷོ་ཀོ་རི་ཡའི་དམག་དཔུང་རྣམས་ཨི་རཀ་དང་ལྷོ་སུ་ཏན། མཚོ་དམར་མངའ་ཁུལ་དུ་ཞི་བདེ་སྲུང་སྐྱོབ་ལ་བཏང་རུང་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་དམག་འཁྲུག་ཁག་ལ་མཉམ་ཞུགས་བྱས་མེད་པ་རེད་ཅེས་བཤད།།

རྒྱ་ནག་ལ་ཁ་གཏད་གཅོག་པར་ཨ་མི་རི་ཀས་འགོ་ཁྲིད་འོག་བཙུགས་པའི་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་བཅས་ཀྱི་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཚོགས་ཁོངས་སུ་ཨོ་གླིང་ཞུགས་ཀྱང་ལྷོ་ཀོ་རི་ཡས་རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུ་དེར་ཧ་ཅང་གི་འཛེམ་ཟོན་བྱེད་ཀྱི་ཡོད་ཅིང་། ལྷོ་ཀོ་རི་ཡའི་རྒྱལ་ཡོངས་ཕྱི་འབྲེལ་སློབ་གླིང་གི་ཉམས་ཞིབ་པ་ཆོ་ཝང་ཀིས་ཨོ་གླིང་དང་ལྷོ་ཀོ་རི་ཡའི་དཔལ་འབྱོར་ནི་ཕྱིར་ཚོང་ལ་བརྟེན་ཡོད་པ་དང་ང་ཚོ་ཕྱོགས་གཅིག་གི་རྒྱབ་རྩར་ལང་རྒྱུ་ཁག་པོ་རེད། ལྷོ་ཀོ་རི་ཡའི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༧༠་ལྷག་རྒྱལ་སྤྱིའི་ཚོང་ལས་ལ་བརྟེན་ཡོད། ལྷོ་ཀོ་རི་ཡ་རྒྱ་ནག་གི་དབང་ཤུགས་འོག་ཏུ་ཚུད་ཟིན་ལྟ་བུ་ཞིག་རེད། ལྷོ་ཀོ་རི་ཡའི་གཞུང་གིས་ལངས་ཕྱོགས་གསལ་སྟོན་མི་བྱེད་པའི་སྲིད་ཇུས་ཤིག་འཛིན་གྱི་འདུག ཁོ་ཚོས་འཐབ་རྩོད་འདི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འཐབ་རྩོད་ཅིག་ཡིན་པ་དང་ང་ཚོ་དེའི་བར་དུ་འཚང་དགོས་དོན་མི་འདུག་སྙམ་པའི་ལྟ་བ་ཞིག་འཛིན་གྱི་འདུག ཀོ་རི་ཡའི་མི་རིགས་ཀྱིས་ཨོ་གླིང་ལ་མིག་དཔེ་བལྟས་ནས་སློབ་སྦྱོང་བྱེད་དགོས་པ་མང་དག་ཅིག་ཡོད་ཀྱང་ལྷོ་ཀོ་རི་ཡས་ཨོ་གླིང་ལ་ཉམས་མྱོང་སློབ་རྒྱུ་དེ་ཙམ་མི་འདུག་ཅེས་བཤད། ཨོ་གླིང་རྒྱལ་ཁབ་ཨ་མི་རི་ཀའི་ཕྱོགས་སུ་ལངས་པའི་རྗེས་སུ་རྒྱ་ནག་གིས་ཨོ་གླིང་ནས་སྐམས་ཤ་དང་རྡོ་སོལ། འབྲུ་རིགས་དང་སྡིག་སྲིན། རྒུན་ཆང་སོགས་ནང་འདྲེན་བྱ་རྒྱུ་མཚམས་བཞག་སྟེ་ཨོ་གླིང་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། རྒྱ་ནག་གི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འོག་ནས་ཐར་ཐབས་སུ་ཨོ་གླིང་གིས་དངོས་ཟོག་ཕྱིར་ཚོང་བྱ་ཡུལ་ཇེ་མང་དུ་བཏང་སྟེ་དཀའ་ངལ་སེལ། དཔེར་ན་རྒྱ་ནག་གིས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་བཞག་པའི་རྗེས་སུ་ལྷོ་ཀོ་རི་ཡ་དང་ཉི་ཧོང་། རྒྱ་གར་བཅས་ཀྱིས་ཨོ་གླིང་གི་རྡོ་སོལ་ནང་འདྲེན་བྱས་ནས་རྒྱ་ནག་གི་ཐབས་ཇུས་དེར་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན།།

དེ་རིང་ཕྱི་ཚེས་༢༤་ཉིན་ལྷོ་ཀོ་རི་ཡའི་ཡོན་ཧོབ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་རྒྱ་ནག་གིས་འགྲན་རྩོད་བྱ་རྒྱུ་ཤུགས་ཇེ་ཆེ་དང་མཉམ་འབྲེལ་གྱི་གོ་སྐབས་ཇེ་ཆུང་དུ་འགྲོ་བཞིན་འདུག ཇཱོ་བྷ་ཌན་གྱི་གཞུང་གིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བར་བསྐྱར་ཞིབ་བྱ་དགོས་ཞེས་བགྲོ་གླེང་ཚོགས་འདུ་བསྐོངས། བགྲོ་གླེང་དེའི་བརྗོད་བྱ་གཙོ་བོ་ཞིག་མིག་ལྔ་རྒྱ་སྐྱེད་བཏང་ནས་ལྷོ་ཀོ་རི་ཡ་དེའི་ཁོངས་སུ་འཇུག་དགོས་མིན། ལྷོ་ཀོ་རི་ཡ་བཞི་འབྲེལ་རྒྱལ་ཁབ་ཀྱི་ཚོགས་ཁོངས་སུ་ཞུགས་དགོས་མིན་རྣམས་ཡིན་པ་དང་མིག་ལྔ་ནི་ཨ་རི་དང་ཁེ་ན་ཌ། དབྱིན་ཇི་དང་ཨོ་གླིང་། ནེའུ་ཛི་ལན་ཌི་བཅས་རྒྱལ་ཁབ་ལྔའི་མཉམ་འབྲེལ་གསང་བའི་ལས་ཁུངས་ལ་ཟེར། ལྷོ་ཀོ་རི་ཡའི་ཨིན་ཧ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ནཱམ་ཆང་ཧིས་ཨ་མི་རི་ཀས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ལ་འབྲེལ་བ་བརྟན་པོ་ཞིག་བཙུགས་ཡོད་པ་རེད། དེང་སྐབས་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་མང་མཉམ་འབྲེལ་གྱི་ངོ་བོ་ཞིག་ལ་སྒྱུར་གྱི་འདུག འོན་ཀྱང་ལྷོ་ཀོ་རི་ཡའི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་གཉིས་དང་ཕྱོགས་འགལ་མི་དམངས་སྟོབས་ཤུགས་ཚོགས་པའི་སྲིད་འཛིན་འོས་མི་ཚོས་འཛེམ་ཟོན་གྱི་ལངས་ཕྱོགས་བཟུང་སྟེ་ལྷོ་ཀོ་རི་ཡ་མཐའ་གཅིག་ཏུ་ཨ་རིའམ། ཡང་ན་རྒྱ་ནག་གི་ཕྱོགས་སུ་ལང་རྒྱུའི་རྣམ་འགྱུར་སྟོན་གྱི་མི་འདུག ད་ལོའི་ཕྱི་ཟླ་༨་པའི་ནང་དུ་སྲིད་འཛིན་མུན་ཅེ་དབྱིན་གྱིས་ལྷོ་ཀོ་རི་ཡས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱི་གཅིག་གདམ་རྒྱུའི་སྲིད་ཇུས་ཤིག་འཛིན་དགོས་དོན་མེད་ཅེས་གསལ་བསྒྲགས་སྤེལ། དེར་བརྟེན་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀས་ལྷོ་ཀོ་རི་ཡར་མཉམ་འབྲེལ་བྱ་རྒྱུ་དེ་གདམ་དགོས་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་བཟུང་བ་རེད་ཅེས་བཤད། ལོ་རྗེས་མའི་ཕྱི་ཟླ་༣་པར་ལྷོ་ཀོ་རི་ཡའི་སྲིད་དོན་ཚོགས་པ་ཁག་གིས་སྲིད་འཛིན་འོས་མི་བསྐོ་བཞག་དང་སྲིད་འཛིན་མུན་ཅེ་དབྱིན་ལ་རྗེས་འཛིན་པ་གསར་པ་ཞིག་འོས་འདེམས་བྱེད་དགོས་པ་རེད།།

XS
SM
MD
LG