ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག་སྐུ་གཤེགས།


ཨ་ལགས་འཇིགས་མེད།
ཨ་ལགས་འཇིགས་མེད།
བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་ཟུར་པ་དང་དབུས་རྩིས་ཞིབ་འགན་འཛིན་ཟུར་པ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ཁ་སང་ཕྱི་ཟླ་༧་ཚེས་༢༦་ཉིན་ཀཱང་རཱ་རྫོང་བྷ་ལ་ཇི་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་འདུག

བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༨་ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས། དགུང་ལོ་༧་གྱི་སྟེང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གྱིས་རོང་པོ་དགོན་ཆེན་ལ་ཆོས་ཞུགས་གནང་སྟེ།་ཤར་སྐལ་ལྡན་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་རྒྱ་མཚོ། དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་དགེ་བཤེས་དུ་མ་ཞིག་བསྟེན་ནས་ནང་དོན་རིག་པར་སློབ་གཉེར་གནང་བ་མ་ཟད། རོང་པོ་གྲྭ་ཚང་གི་གསེར་ཁྲི་ལོ་གསུམ་ལ་བསྐྱངས། ༡༩༥༤ ལོར་ཡབ་ཡུམ་དང་མཉམ་དུ་ལྷ་སར་གནས་མཇལ་དུ་ཕེབས་ཏེ་རྩེ་ཕོ་བྲང་དུ་གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ་གདན་ས་གང་རུང་ཞིག་ཏུ་སློབ་གཉེར་གནང་དགོས་པའི་བཀའ་སློབ་སྤྱི་ཕེབས་ལྟར། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནས་ནས་ཕར་ཕྱིན་དང་དབུ་མའི་གཞུང་ལ་སློབ་གཉེར་གནང་། ༡༩༥༩་ལོར་༧གོང་ས་མཆོག་གིས་དགའ་ལྡན་དུ་གྲྭ་སྐོར་དམ་བཅའི་སྐབས་སུ་འཇིགས་མེད་རིན་པོ་ཆེས་༧གོང་ས་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཕེབས་གདན་ཞུས་ཀྱིས་མཎྜལ་ལྗགས་བཤད་དང་སྦྲགས། ༧གོང་ས་མཆོག་དང་དགའ་ལྡན་ཚོགས་ཆེན། བྱང་རྩེ་གྲྭ་ཚང་བཅས་ལ་བསྙེན་བཀུར་རྒྱ་ཆེ་ཞུས་ཡོད། ༡༩༥༩ ལོའི་ཕྱི་ཟླ་༥་པའི་ནང་བཀའ་ཟུར་འཇིགས་མེད་ཆེན་པོ་མཆོག་འབྲུག་བརྒྱུད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས། ༡༩༦༥་ནས་སྐབས་གསུམ་པའི་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་བྱུང་ནས་བཟུང་སྟེ། ལོ་ངོ་༡༣་གྱི་རིང་ལ་རིམ་བཞིན་སྐབས་ལྔ་བའི་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་པ་དང་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་གཅོག་ལྕོག་གནང་བ་དང་། སྐབས་དྲུག་པའི་སྤྱི་འཐུས་ཚོགས་གཙོ་བཅས་ཀྱི་མཛད་ཁུར་བཞེས། ༡༩༧༩ ལོ་ནས་ལོ་ ༦ རིང་རྩིས་ཞིབ་འགན་འཛིན་དང་། ༡༩༨༥་ལོར་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་བའི་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་ནས་བོད་ལ་ཕེབས། ༡༩༨༦་ནས་ནང་སྲིད་བཀའ་བློན་ལས་རོགས་དང་བདེ་སྲུང་བཀའ་བློན་ལས་རོགས། མཐར་བདེ་སྲུང་བཀའ་བློན་ངོ་མའི་ཐུགས་འགན་བཞེས། ལོ་དེར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བལ་ཡུལ་ལ་འཛམ་གླིང་གི་ནང་པའི་ཆོས་ཚོགས་སུ་ཆིབས་སྒྱུར་གནང་བའི་སྐབས་སུ་འཇིགས་མེད་རིན་པོ་ཆེ་མཆོག་༧གོང་ས་མཆོག་སྐུ་ཚབ་ལ་བལ་ཡུལ་དུ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་འཚམས་འདྲི་ཞུས། ༡༩༩༡་ནས་༩༦་བར་དུ་འཇིགས་མེད་རིན་པོ་ཆེ་མཆོག་གིས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་མཛད་ཁུར་བཞེས་ཤིང་། ༡༩༩༦་ལོར་༧གོང་ས་མཆོག་ནས་འཇིགས་མེད་རིན་པོ་ཆེ་བཙན་བྱོལ་བོད་གཞུང་གི་དབུས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་ལ་ཐད་བསྐོས་གནང་སྟེ། ༡༩༩༩ ལོར་བཀའ་ཟུར་འཇིགས་མེད་རིན་པོ་ཆེ་མཆོག་བཙན་བྱོལ་བོད་གཞུང་གི་སྲི་བའི་གྲས་ནས་བགྲེས་ཡོལ་ཕེབས་ཀྱང་དམ་པ་དེ་ཉིད་ཀྱི་སྐུ་ཚབ་ཧྲིལ་བོ་བོད་བསྟན་པ་ཆབ་སྲིད་དང་གཞིས་བྱེས་མཉམ་འཇོགས། བོད་དོན་བདེན་མཐའ་གསལ་ཐབས་དང་༧གོང་ས་མཆོག་རང་ཡུལ་བོད་ལ་ཞབས་སོར་འཁོད་ཐབས་བཅས་འབད་བརྩོན་ལྷོད་མེད་གནང་སྟེ་སྐུ་ཚེ་མཐའ་འཁྱོལ་ཡོད་པ་རེད།
XS
SM
MD
LG