ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཐེ་ཝན་ལ་འཇམ་འགུགས་སྲིད་ཇུས་ལག་བསྟར།


༄༅།། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པས་རྒྱ་ནག་གིས་ཐེ་ཝན་པ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱོས་ཤིག ཐེ་ཝན་གྱི་ལས་དབང་ནི་མེས་རྒྱལ་ལ་སྦྲེལ་ཡོད། རྒྱ་ནག་སྐམ་ས་ཆེན་མོར་གནས་འཁོད་ཐེ་ཝན་པ་ཚོར་རྒྱ་ནག་གིས་ལྟ་སྐྱོང་བཟང་པོ་བྱེད་ཆོག་ཅེས་འཇམ་འགུགས་བྱེད་ཀྱི་ཡོད་ཀྱང་ཐེ་ཝན་པ་ཕལ་མོ་ཆེས་རྒྱ་ནག་ནི་དམངས་གཙོའི་ལམ་ལུགས་དར་ཡོད་པའི་མཚོ་གླིང་དེའི་ཉེན་ཀ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་རང་གི་གྲོང་ཁྱེར་ཁག་ཏུ་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་པ་ས་ཡ་གཅིག་ཡས་མས་ཤིག་ཡོད་པ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱས་ནས་རྒྱ་ནག་གི་ཕྱོགས་གཏོགས་པ་ཞིག་ལ་འོས་ཤོག་འཕེན་རྒྱུ། ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་རྒྱ་ནག་གིས་ཐེ་གཏོགས་བྱས་ནས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་འཛིན་མཁན་ཞིག་གམ། ཡང་ན་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ལངས་ཕྱོགས་འཛིན་མཁན་ཞིག་ལ་ཐེ་ཝན་གྱི་འོས་འདེམས་དུས་སུ་རྒྱལ་ཁ་འཐོབ་ཏུ་འཇུག་ཐབས་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཡིན་ནའང་རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་མེད་ཅེས་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།

ཟླ་བ་སྔོན་མར་རྒྱ་ནག་གིས་ཐེ་ཝན་གྱི་མ་རྩ་འཛུགས་མཁན་དང་ཚོང་པ་ཚོར་དམིགས་ནས་ཁྲོམ་ར་སྒོ་འབྱེད་སོགས་ཀྱི་ཐབས་ཇུས་༢༦་ལག་ལེན་བསྟར་རྒྱུ་ཡིན་ཞེས་བསྒྲགས། ཐབས་ཇུས་དེ་དག་གི་གྲས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དཀའ་ངལ་འཕྲད་པའི་ཐེ་ཝན་པ་ཚོར་འབྲེལ་ཡོད་རྒྱལ་ཁབ་དེ་དག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་ཕྱི་འབྲེལ་དོན་གཅོད་ལས་ཁང་ཁག་གིས་རོགས་རམ་བྱེད་ཆོག རྒྱ་ནག་གི་སློབ་ཆེན་ཁག་ཏུ་ཐེ་ཝན་གྱི་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་ཆོག་པ་དང་སློབ་ཡོན་རོགས་རམ་སྤྲོད་ཆོག་ཅེས་བཤད། ༢༠༡༩་ལོའི་མགོ་སྟོད་དེར་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས། ཐེ་ཝན་གྱིས་རང་བཙན་གསལ་བསྒྲགས་བྱས་ན་རྒྱ་ནག་གིས་དམག་བརྒྱབ་ནས་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བཙན་དྲག་བཀོལ་པར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན། དེ་ནས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་འཇམ་འགུགས་བྱ་རྒྱུའི་དམིགས་ཡུལ་འཆང་ནས་རྒྱ་སྐད་དང་ཐེ་ཝན་གྱི་ཧ་ཁ་ཡུལ་སྐད་དུ་མཚོ་གླིང་དེ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་དྲིལ་བསྒྲགས་བྱེད་འགོ་ཚུགས། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་གསར་པར་ཀྲུའུ་ཧྥེང་ལཱན་ཞེས་པ་ཞིག་བསྐོས། ཁོ་མོས་ང་ནི་ཀོང་ཏུང་ཞིང་ཆེན་གྱི་ཧ་ཁ་བ་ཞིག་ཡིན། ཐོག་མར་ངས་ཐེ་ཝན་གྱི་སྤུན་ཟླ་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་ཧ་ཁའི་སྐད་དུ་འཚམས་འདྲི་ཞུས་ནས་གསར་འགོད་ལྷན་ཚོགས་བསྐོངས། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་དུ་གནས་འཁོད་རྒྱ་ནག་པ་རྣམས་ཁོ་ན་མིན་པར་གླིང་ཕྲན་དེའི་ཡུལ་བདག་མི་རིགས་ཧ་ཁ་བ་རྣམས་ལའང་དོ་སྣང་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན།

ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་སུ་ཞུགས་པའི་སྲིད་དོན་པ་མང་པོ་ཞིག་གིས་པེ་ཅིང་གི་དབང་འཛིན་པ་ཚོས་རང་གི་མི་དམངས་ལ་རང་དབང་ཆེ་ཙམ་སྟེར་དགོས་པ་དེར་དམིགས་པ་གཏོད་དགོས། རྒྱ་ནག་གཞུང་གིས་སྐད་གསར་བཅད་དུ་བྲིས་པའི་ཐབས་ཇུས་༢༦་རྒྱ་ནག་ནང་ཁུལ་དུ་ཕན་ཐོགས་ཡོད་སྲིད་ཀྱང་ཐེ་ཝན་ལ་བཀོལ་སྤྱོད་མེད། རྣམ་པ་ཚོས་ཐུགས་ཁྲལ་གནང་བར་བཀའ་དྲིན་ཆེ། ཐེ་ཝན་མི་དམངས་རྣམས་རང་ཡུལ་དུ་བདེ་ཞིང་སྐྱིད་པར་འཚོ་གནས་ཡིན་ཞེས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱེ་སེབ་ཝུ་ཡིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཐ་ན་འོས་འདེམས་ཀྱི་ལོ་འདིར་རྒྱ་ནག་ལ་འབྲེལ་བ་དམ་ཟབ་འཛིན་མཁན་གོ་མིན་ཏང་གི་སྲིད་དོན་ཚོགས་པ་ཚོས་ཀྱང་རྒྱ་ནག་ལ་འབྲེལ་བ་ཉེ་བོ་དང་དམ་ཟབ་འཛིན་རྒྱུ་དོགས་མ་བདེ་ཞིག་ཏུ་གྱུར་ཡོད་ཅིང་། མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན་ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་སྟེ། སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུའི་ལས་མི་མང་རྒྱབ་སྐྱོར་བ་གྲངས་ཆུ་༡༠་ལྷག་མང་བ་ཡོད་པར་མ་ཟད། ཐེ་ཝན་གྱི་བུད་མེད་སྲིད་འཛིན་དང་པོ་དེར་འོས་འདེམས་ཐེངས་གཉིས་པའི་རྒྱལ་ཁ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་བ་མང་དུ་འགྲོ་དགོས་པའི་རྒྱུ་གཅིག་ནི་རྒྱ་ནག་གིས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྡོག་བརྫིས་གཏོང་གི་ཡོད་པ་དང་། རྒྱུ་རྐྱེན་གཉིས་པ་ནི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་ཐེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་ཐེ་ཝན་ལ་གནས་སྤོར་བྱས་ཡོད་པར་ཐུག་འདུག

ཐེ་ཝན་གྱི་གོ་མིན་ཏང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་མཚོ་གླིང་དེར་དམིགས་ནས་ཐབས་ཇུས་༢༦་ཁྱབ་བསྒྲགས་པར་དགའ་བསུ་ཡོད། ཡིན་ནའང་རྒྱ་ནག་གི་ཐབས་ཇུས་དེ་དག་གི་དོན་ཚན་གང་ཞིག་གིས་ཀྲུང་ཧྭ་མིན་གོའི་བདག་དབང་ལ་དོ་ཕོག་བཏང་ན་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་ཐེ་ཝན་གྱི་བདག་དབང་བློས་གཏོང་རྒྱུ་མིན་པའི་རྣམ་འགྱུར་གསལ་པོར་བསྟན། གོ་མིན་ཏང་གིས་མཚོ་འགག་ཕྱོགས་གཉིས་ཀས་མི་དམངས་ཀྱི་བདེ་ཐབས་གཙིགས་སུ་བཟུང་ནས་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས། མཚོ་འགག་ཕྱོགས་གཉིས་ཀས་རང་གི་ཁེ་ཕན་དང་འོས་འདེམས་ཀྱི་གནད་འགག་ལ་བསམ་གཞིག་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བསྒྲགས། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གིས་ཐེ་ཝན་ལ་འཇམ་འགུགས་བྱེད་ཀྱི་ཡོད་པ་འདིར་ནམ་ཡང་གྲུབ་འབྲས་སྨིན་མི་སྲིད། རྒྱ་ནག་གིས་ཧོང་ཀོང་ལྟར་ཐེ་ཝན་གྱི་སྟེང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཙན་འགེལ་བྱ་དགོས་བསམ་འདུག ངས་གསལ་པོ་བྱས་ནས་བཤད་ཆོག རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་མི་ཐུབ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཐེ་ཝན་ལ་གཏན་ནས་ལག་ལེན་བསྟར་མི་ཐུབ། ཐེ་ཝན་མི་དམངས་ཀྱིས་དེ་ལ་མོས་མཐུན་བྱེད་ཐུབ་ཐབས་བྲལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་པ་ནི་རྫུན་གཏམ་འབའ་ཞིག་རེད་ཅེས་དགག་པ་བརྒྱབ། འདས་པའི་ཟླ་བ་༦་ལྷག་ལ་ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱས་ནས་ལས་འགུལ་རབ་དང་རིམ་ཞིག་ལངས་ནས་ཐེ་ཝན་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བ་མང་དུ་ཕྱིན་འདུག

༡༩༩༦་ལོར་ཐེ་ཝན་ལ་དམངས་གཙོའི་ལམ་ནས་སྲིད་འཛིན་འོས་འདེམས་ཐེངས་དང་པོ་བྱས་པའི་སྐབས་སུ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་དམག་གིས་སྡིགས་ར་བསྐུལ། དེར་བརྟེན་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུའི་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། དེའི་རྗེས་སུའང་གོ་མིན་ཏང་གི་སྲིད་འཛིན་འོས་མི་ལན་ཀྲན་དང་མི་དམངས་དང་པོའི་ཚོགས་པ་སུང་ཁྲུ་ཡུའི་གཉིས་ལ་ཕམ་ཉེས་བྱུང་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཁྲེན་ཧྲུའི་པེན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་ནས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་འགྱུར་བ་གཏོང་ཐབས་བྱས་པ་དེར་ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྩིས་ལོག་ཐབས་ཇུས་ཞེས་མིང་བཏགས། ད་ལྟའི་ཐེ་ཝན་གྱི་འགོ་ཁྲིད་ཚོས་ཐེ་ཝན་ནི་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་ཏུ་ཚུད་མྱོང་མེད་ཅེས་རྒྱ་ནག་གི་ཞི་དྲག་ཐབས་ཇུས་ཀུན་ལ་དོགས་པ་དང་འཛེམ་ཟོན་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱང་ཐེ་ཝན་གྱི་སྲིད་དོན་པ་ཚོའི་ཀུན་སློང་ལ་ཡིད་ཆེས་མེད་པར་དོགས་གནས་སུ་ཟད། ཐེ་ཝན་གྱི་མི་བཅུའི་ནང་དུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་རྒྱབ་སྐྱོར་བྱེད་མཁན་མི་གཅིག་ལས་མེད་པས་རྒྱ་ནག་ལ་བློ་ཐག་ཉེ་བའི་ལངས་ཕྱོགས་འཛིན་མཁན་འོས་མི་ཚོར་ཕམ་ཉེས་འབྱུང་རྒྱུ་ལྡོག་ཏུ་མེད་པ་ཞིག་ཏུ་གྱུར་འདུག

XS
SM
MD
LG