ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༧༠་ལྷག་འཛིན་བཟུང་།


༄༅།། བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༦༣་པའི་ཉིན་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༧༠་ལྷག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་བྱས་ནས་ངོ་རྒོལ་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཚོས་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་ལུས་ལ་གྱོན་ཆས་ནག་པོ་སྤྲས། ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། བོད་མི་དམར་གསོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ནང་དུ་རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་དང་དམ་དྲག་གི་སྲིད་ཇུས་འཛིན་གྱི་ཡོད་པ་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ད་བར་བོད་ཕྱི་ནང་གཉིས་སུ་བོད་པ་རང་ལུས་མེར་སྲེག་གཏོང་མཁན་༡༦༧་བྱུང་བ་དེ་དག་གི་མངོན་འདོད་རྣམས་བསྒྲུབ་དགོས། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་དྲིལ་བསྒྲགས་ཀྱི་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཀོད།།

རྒྱ་གར་གྱི་ཉེན་རྟོག་པས་རྒྱ་ནག་གཞུང་ཚབ་ཁང་དུ་བསྐྱོད་སའི་གཞུང་ལམ་བཀག་ནས་དམ་བསྒྲགས་ཆེན་པོ་བྱས་ཀྱང་ལས་འགུལ་བ་མང་ཆེ་བ་རྒྱ་ནག་གཞུང་ཚབ་ཁང་གི་རྒྱལ་སྒོའི་ཉེ་འཁྲིས་སུ་བཅར་ཐུབ་པ་བྱུང་ཡོད་པར་མ་ཟད། ཁོ་ཚོས་སྐད་ཤུགས་ཆེན་པོ་དང་ངར་ཤུགས་དྲག་པོས་ངོ་རྒོལ་སྐད་འབོད་བྱས་ཤིང་། དུས་ཡུན་སྐར་མ་༡༥་ཡས་མས་ཤིག་གི་རྗེས་སུ་རྒྱ་གར་གྱི་ཉེན་རྟོག་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་དང་རྒྱུན་ལས་གཞན་གཉིས་གཙོས་ལས་འགུལ་བ་ཚང་མ་འཛིན་བཟུང་བྱས་ནས་རྒྱ་ནག་གཞུང་ཁབ་ཚབ་ཁང་གི་ཉེ་འཁྲིས་སུ་ཡོད་པའི་མན་དྷིར་མར་གྷ་ཉེན་རྟོག་ཁང་དུ་ཁྲིད་ཡོད་པ་བཅས་ཀྱི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG