ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་༦༣་པ་སྲུང་བརྩི།


༄༅།། ༢༠༢༢་ལོའི་ཕྱི་ཟླ་༣་ཚེས་༡༠་ཉིན་ནི་ལོ་༦༣་གྱི་གོང་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ནོར་བུ་གླིང་གའི་ཕོ་བྲང་མདུན་དུ་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་སྒེར་ལངས་བྱུང་བའི་ཉིན་མོ་དེ་ཡིན་ཞིང་། དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ཚོགས་པ་དེར་སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཨོ་བྷར་ཧྥལ་ཛེར་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དྷ་རི་སིང་། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་དང་མང་ཚོགས་བཅས་མཉམ་ཞུགས་བྱས་ཤིང་། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལྟར་རྒྱ་ནག་གཞུང་ལ་བོད་དོན་གྲོས་མོལ་བྱས་ནས་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་ཐུབ་པའི་རེ་བ་འཆང་གི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དྷ་རི་སིང་གིས་རྒྱ་གར་གྱི་ཆེ་མཐོའི་གཟེངས་རྟགས་བྷ་ར་ཏ་རཏྣ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད་ཅེས་གསུངས། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཨོ་བྷར་ཧྥོལ་ཛེར་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་འཛིན་དང་པོ་ཧ་ཝྭེལ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་བྱུང་ནས་བཟུང་། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་དེ་རིང་གི་ཉིན་མོ་འདིར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་དང་གྲོང་སྡེ་ལས་ཁུངས་ཁག་གི་འདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གཏམ་བཤད་གནང་འདུག

བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་གཏམ་བཤད་ནང་དུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་པ་ཚོར་དམ་བསྒྲགས་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་བོད་པ་༡༥༦་གིས་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པར་མ་ཟད། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་གཞས་པ་གྲགས་ཅན་ཚེ་དབང་ནོར་བུས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་པར་བོད་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་སྐྱབས་འཇུག་ཞུས། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ང་ཚོ་བོད་ནང་གི་བོད་མིའི་ཚོའི་མགྲིན་ཚབ་པ་ཡིན་ཞེས་གཏམ་བཤད་གནང་འདུག

སྔ་ལོ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་དེ་གཙུག་ལག་ཁང་དུ་མདུན་ཐང་དུ་ཚོགས་ཐུབ་མེད་ཀྱང་ད་ལོ་རྒྱ་གར་ལ་ཏོག་དབྱིབས་ནད་ཡམས་འཇོམས་གྱི་ཡོད་པས་གཞུང་འབྲེལ་གྱི་མཛད་སྒོ་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཚོགས། མཛད་སྒོའི་རྗེས་སུ་མི་མང་རྣམས་རྡ་ཤོད་ཀ་ཅ་རིའི་ཁྲིམས་ཁང་གི་སྒོ་འགྲམ་བར་དུ་སྐད་འབོད་ཁྲོམ་སྐོར་ལ་བསྐྱོད་ནས་གསུམ་བཅུའི་དུས་དྲན་ཐེངས་༦༣་པ་སྲུང་བརྩི་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG