ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བ་བུད་མེད་ཅིག་གིས་རྒྱ་གཞུང་གི་ནང་ཁུལ་ཡིག་ཆ་ཕྱིར་བསྒྲགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཡུ་གུར་བ་བུད་མེད་ཅིག་གིས་རྒྱ་ནག་ནང་ཁུལ་གྱི་ཡིག་ཆ་གལ་ཆེན་ཞིག་ཕྱིར་འགྲེམ་སྤེལ་བྱས་འདུག ཡུ་གུར་བའི་བུད་མེད་ཨ་སི་ཡེ་ཨབ་རྡུ་ལ་ཧེ་བྷི་ཞེས་པ་ནི་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་སྤྱི་དམངས་སུ་གྱུར། ཁོ་མོས་ཉེ་ཆར་ཞིན་ཅང་སྲིད་ཁྲིམས་ལྷན་ཁང་གི་དམར་ཤོག་འགོ་འཛིན་ཀྲུའུ་ཧེ་ལུན་གྱིས་མིང་རྟགས་བཀོད་ཡོད་པའི་ཡིག་ཆ་ཞིག་ཊོས་ཊར་དྲྭ་ལམ་དུ་སྤེལ་པར་མ་ཟད། སི་ཀེ་ཕི་བརྒྱུད་ནས་ཨ་རི་རླུང་འཕྲིན་ཁང་ལ་གནས་ཚུལ་དེའི་སྐོར་གསལ་བཤད་གནང་འདུག

རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་དེར་རྒྱ་ནག་གཞུང་གིས་ཞིན་ཅང་དུ་བཙན་དབང་གི་དྲག་གནོན་འོག་ཚུད་པའི་ཡུ་གུ་བ་མི་གྲངས་ཁྲི་བཅུ་ལྷག་ལ་གང་འདྲ་བྱས་ནས་ཀླད་པ་འཁྲུས་ཏེ་བསམ་བློ་དང་སྐད་རིགས་ལ་སྒྱུར་བཅོས་བྱེད་བཞིན་ཡོད་མེད། ཡིག་ཆ་གསལ་བསྒྲགས་བྱས་མ་མྱོང་བའི་གསང་འཕྲིན་གནད་བསྡུས་བཅས་བཀོད་དེ་པེ་ཅིང་གཞུང་གིས་གཞི་རྒྱ་ཆེན་པོ་དང་འཕྲུལ་ཆས་སོགས་བེད་སྤྱོད་ཀྱིས་སྤྱི་ཚོགས་ལ་སྟངས་འཛིན་བྱ་ཐབས་གསར་པ་ཞིག་ལག་ལེན་བསྟར་རྒྱུ་མངོན་དུ་འགྱུར་བའི་འབད་བཞིན་པ་སོགས་བཀོད་ཡོད། ཁོ་མོས་ཡིག་ཆ་ཤོག་གྲངས་༢༤་ཡོད་པ་རྣམས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བྱེད་ཐུབ་མཁན་ཞིག་ལ་སྤྲོད་རྒྱུའི་ཐག་བཅད།

༢༠༡༩་ལོའི་ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོ་དེར་ཁོ་མོས་ནེ་དྷར་ལན་ཌིའི་རང་ཁྱིམ་དུ་སི་ཀེ་ཕེ་བརྒྱུད་ནས་ཨ་རི་རླུང་འཕྲིན་ཁང་ལ་བརྗོད་དོན། ཡིག་ཆ་དེར་གཟའ་འཁོར་གཅིག་གི་ནང་ཡུ་གུར་བ་མི་གྲངས་༢༤༠༠༠་འཛིན་བཟུང་བྱས་པ་དང་དེ་དག་གི་གྲས་ནས་མི་༡༥༠༠༠་ལྷག་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་པ་བཀོད་པ་དེ་མཐོང་དུས་ཁོ་མོ་ཧང་སངས་པ་དང་འཇིགས་སྣང་ཤུགས་ཆེན་སྐྱེས་བྱུང་། གལ་སྲིད་གཟའ་འཁོར་གཅིག་ལ་ཡུ་གུར་བ་དེ་འདྲ་མང་པོ་ཞིག་འཛིན་བཟུང་བྱས་པ་ཡིན་ན་འདས་པའི་ལོ་ཤས་ཀྱི་རིང་ལ་ཞིན་ཅང་ས་གནས་ལ་དེ་ལས་ཚབས་ཆེའི་དོན་དག་གང་འདྲ་ཞིག་བྱུང་ཡོད་པ་ཡིན་ནམ་སྙམ་པའི་རང་གིས་རང་ལ་དོགས་འདྲི་བྱས་པ་ཡིན་ཞེས་བརྗོད་འདུག

ཡིག་ཆ་ཕྱིར་འགྲེམ་བྱས་པ་ནས་བཟུང་། ཁོ་མོར་དོན་དག་ཁྱད་མཚར་ཅན་དང་འཇིགས་སྣང་ཅན་རིམ་པ་ཞིག་བྱུང་ཡོད་པ་སྟེ། ཐོག་མར་རྒྱལ་སྤྱིའི་གསར་འགྱུར་ཁང་ཡིན་ཁུལ་བྱས་པ་འགས་འཕྲིན་ཡིག་བསྐུར་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་མོའི་ལག་གི་ཡིག་ཆ་དེ་རྣམས་རག་ཐབས་བྱས་པར་མ་ཟད། ཁོ་མོའི་ཡིག་སྒམ་དང་སྤྱི་ཚོགས་འབྲེལ་ལམ་གྱི་ཨང་གྲངས། ཐ་ན་གློག་ཀླད་དང་བཅས་པར་དྲྭ་ལམ་ནས་སིམ་འཛུལ་བྱས་ཏེ་བཀོད་སྤྱོད་བྱེད་མི་ཐུབ་པ་གྱུར་འདུག

ཁོ་མོས་ཨ་རི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན་ཉིན་ཞིག་ལ་ངོ་དེབ་ནང་དུ་མི་ཞིག་གིས་ཡུ་གུར་གྱི་ཡི་གེ་ཐོག་ཏུ་འཕྲིན་ཐུང་ཞིག་བསྐུར། གལ་སྲིད་ཁྱོད་ཀྱིས་ད་ལྟར་སྒྲུབ་བཞིན་པའི་ལས་ཀ་མཚམས་འཇོག་མ་བྱས་ན་ཁྱོད་ཉིན་ཞིག་ལ་ཤ་ཕྱེ་རུས་ཕྱེ་བྱ་རྒྱུ་དང་ཁྱོད་ཀྱི་སྒོ་ཁའི་གད་སྙིགས་བླུག་སྒམ་ནག་པོ་དེའི་ནང་དུ་མི་ཚོས་ཁྱོད་ཀྱི་རོ་རྣེད་རྒྱུ་རེད་ཅེས་འཇིགས་སྣང་སྐུལ་འདུག

སྤྱི་ཟླ་༡༡་པའི་ཚེས་༢༤་ཉིན་ཏེ་ཟླ་བ་ལྔ་ཙམ་གྱི་རིང་ལ་རྟག་དཔྱད་དང་ཞིབ་བཤེར་བྱས་པ་ཡིན། མཐར་ཝ་ཤིང་ཊོན་དུ་གཞིས་ཚུགས་པའི་རྒྱལ་སྤྱིའི་བརྟག་དཔྱད་གསར་འགོད་པའི་མནའ་འབྲེལ་ཚོགས་པས་ཡིག་ཆ་དེ་གསལ་བསྒྲགས་གནང་པ་རེད། ཡིག་ཆ་དེར་ཀྲུང་གོའི་གློག་འཕྲིན་ཞེས་ནས་མིང་བཏགས། ཡིག་ཆ་དེ་རྒྱ་ནག་ནང་ཁུལ་དུ་ཡུ་གུར་བ་ཞིག་གིས་ཕྱི་ལ་སྤྲད་པ་དང་དེ་ནས་ཕྱི་ལོགས་ན་ཡོད་པའི་ཡུ་གུ་བ་མི་ཁ་ཤས་བརྒྱུད་ནས་མཐའ་མཇུག་ཨ་སི་ཡེ་ཨབ་རྡུལ་ཧེ་བྷི་ལ་འཕྲོད་འདུག

སྔར་ཀྲུང་གོའི་གློག་འཕྲིན་དང་ནེའུ་ཡོག་དུས་བབ་ཀྱིས་ཕྱིར་བསྒྲགས་བྱས་པའི་ཤོག་གྲངས་༤༠༣་གྱི་བདག་ཉིད་ཅན་དུ་གྲུབ་པའི་ཡིག་ཆ་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་སུ་སྐད་གྲགས་ཆོད། སྤྱི་ཟླ་༡༢་པའི་ཚེས་༤་ཉིན་ཨ་རིའི་གྲོས་ཚོགས་འོག་མས་མང་མོས་ཀྱིས་ཡུར་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ཁྲིམས་འཆར་གཏན་འབེབས་བྱུང་། དེའི་སྔོན་དུ་གྲོས་ཚོགས་གོང་མར་ཁྲིམས་འཆར་དེའི་གྲོས་ཚོགས་གོང་མའི་དཔར་བཤུས་ཤིག་ལ་གྲོས་འཆམ་བྱུང་ཡོད།

ཉིན་འགའི་རྗེས་སུ་ཨ་སི་ཡེ་ཨབ་རྡུ་ལ་ཧེ་བྷིས་གསར་འགྱུར་བརྒྱུད་ལམ་ཁག་ལ་རང་ཉིད་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། ཁོ་མོ་ཕྱི་རུ་ཐོན་དོན་ནི་རང་གི་ནང་མི་ཚོར་འཁོན་ལན་མི་སློག་པའི་ཆེད་དུ་ཡིན་ཞེས་བརྗོད་འདུག

ཨ་སི་ཡེ་ཨབ་རྡུ་ལ་ཧེ་བྷིས་ཨ་རིའི་རླུང་འཕྲིན་ཁང་བརྗོད་དོན། ཁོ་མོའི་ནང་མི་ལ་སྤྱི་ལོ་༢༠༡༦་གི་ལོ་མཇུག་སྟེ། ཁྲེན་ཆོན་གོ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་ནས་ཟླ་བ་འགའ་ཤས་འགོར་བའི་རྗེས་སུ་ནང་མི་དང་འབྲེལ་བ་རྩ་ཆད་བྱུང་འདུག

ཞིན་ཅང་གི་རྒྱལ་ས་ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་མི་ལ་འབྲེལ་བ་བྱས་པ་མཐའ་མའི་སྐབས་སུ་ཨ་མས་ཁྱོད་ནེ་དྷར་ལན་ཌི་རྒྱལ་ཁབ་ཏུ་སྡོད་ཐབས་བྱོས། ཕྱིར་ཞིན་ཅང་ལ་ལོག་མ་ཡོང་། ད་དུང་གནས་སྐབས་རིང་ང་ཚོ་མ་འཚོལ། ཁ་པར་མ་གཏོང་། སྐད་འཕྲིན་ནང་དུ་སྐད་ཆ་ཡང་མ་ཤོད། ང་ཚོས་ཁྱོད་ཀྱི་ཁ་པར་ཨང་གྲངས་བསུབས་ཟིན། ཁ་པར་ཨང་གྲངས་བརྗེད་པོ་རྒྱག་གི་ཡིན། ང་ཚོས་ཁྱོད་བཙལ་འདོད་ཚེ་བཙལ་དུ་ཡོང་གི་རེད་བཅས་བརྗོད་འདུག

སྐབས་དེར་ཡང་ད་ཐེངས་བཞིན་ཨ་མས་ཚིག་གིས་ང་རང་མི་ལོ་36་རིང་ལ་སྐྱེས་ཤིང་འཚར་ལོངས་བྱུང་སའི་ཕ་ཡུལ་དང་ཁ་འབྲལ་དགོས་བྱུང་། ལོ་དེ་ནི་བདུན་ལྔ་དོན་རྐྱེན་བྱུང་བའི་རྗེས་ཙམ་རེད། ཞིན་ཅང་དུ་སྲིད་གཞུང་གི་སྡེ་ཁག་ཅིག་གི་ནང་དུ་ལས་ཀ་བྱེད་བཞིན་ཡོད་པའི་ཨ་སི་ཡེ་གཞུང་དོན་དུ་གོང་རིམ་ནས་མངགས་གཏོང་བཞིན་ནེ་དྷར་ལན་ཌི་རྒྱལ་ཁབ་ཏུ་འབྱོར། ཨ་མས་གློ་བུར་དུ་ཕྱིར་ལོག་མ་བྱོས། དེ་གར་སྡོད་ཐབས་བྱོས་ཞེས་པའི་འཕྲིན་བརྡ་ཞིག་འབྱོར་བའི་རྐྱེན་གྱིས་དེ་གར་བསྡད་པ་ཡིན། བསམ་དབང་དྲན་དབང་མེད་པར་ད་ལྟ་ལོ་བཅུ་འགོར་ཟིན་འདུག སྐབས་དེར་ལག་དངུལ་མང་ཙམ་ཡང་མེད་པར་མ་ཟད། དགུན་གྱི་གྲང་ངར་འགོག་ཐུབ་པའི་གྱོན་གོས་དྲོན་པོ་ཞིག་ཀྱང་མེད་ཅེས་བརྗོད།

བྱེས་སུ་སྡོད་པའི་རིང་དུ་ཨ་ཤི་ཡེ་ཨབ་རྡུ་ལ་ཧེ་བྷིས་ཡུར་གུར་མི་རིགས་ཀྱི་ལོ་རྒྱུས་ཉམས་ཞིབ་བྱས་ཤིང་། ཉེ་དུས་སུ་ཁོ་མོས་རྒྱ་ཡིག་དུ་རྩོམ་ཡིག་བྲིས་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ཚུགས་ཚུན་ནས་ད་ལྟའི་བར་དུ་་ཡུ་གུར་མི་རིགས་ལ་ཐེབས་པའི་སྡུག་བསྔལ་སྐོར་གསེད་བཀྲོལ་བྱས་འདུག

ཁོང་མོས་རྩོམ་ཡིག་དེར་འདས་པའི་ལོ་༧༠་ཐམ་པའི་རིང་ལ་ཡུ་གུར་བ་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་སྤེལ་བའི་རིགས་རྒྱུད་གསར་གསོད་དང་རིག་གནས་རྩ་སློག་གི་གནས་ཚུལ་མང་པོ་བརྒྱུད་དགོས་བྱུང་ཞིང་། སྤྱི་ལོ༡༩༥༠་ནས་༡༩༥༣་བར་དུ་ཝང་ཀྲན་གྱིས་དམག་མི་འབུམ་ཚོ་ཁྲིད་ནས་ཡུ་གུར་བའི་གཞིས་ཁྱིམ་ལ་བཙན་འཛུལ་བྱས་པ་འགོ་ཚུགས་ཏེ། ཕྱིས་སུ་བྱུང་བའི་གཡས་ཕྱོགས་ལ་རྒོལ་བའི་ལས་འགུལ་དང་མུ་གེ་ཆེན་མོ། རིག་གནས་གསར་བརྗེ་ཆེན་མོ། ས་གནས་སོ་སོར་རྡུལ་ཕྲན་མཚོན་ཆ་ཐེངས་༤༨་ཚོད་ལྟ་བྱས་པ་སོགས་ཀྱིས་མཚོན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཡུར་གུར་མི་རིགས་ཀྱི་ཕ་ཡུལ་ལ་དོ་ཕོག་བཏང་བ་ནི་བསམ་བརྗོད་ལས་འདས་པ་ཞིག་རེད་ཅེས་བཀོད།

ཡུ་གུར་མི་རིགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་ཟམ་མ་ཆད་པར་སྤེལ། ངོ་རྒོལ་ལས་འགུལ་དེ་དག་རྒྱ་མི་རིགས་ལ་ཁ་གཏད་ནས་སྤེལ་བ་ཞིག་མ་ཡིན། མི་རིགས་གཉིས་ཀྱི་འགལ་ཟླའང་མིན་ཞེས་ཨ་སི་ཡེ་ཨབ་རྡུ་ལ་ཧེ་བྷིས་ཨ་རིའི་རླུང་འཕྲིན་ཁང་ལ་ཁ་གསལ་བརྗོད་བྱས་འདུག

སྤྱི་ལོ་༢༠༠༩་ལོར་ཞིན་ཅང་གི་ཝུ་རུ་མུ་ཆི་གྲོང་ཁྱེར་དུ་བྱུང་བའི་སྡེ་གཟར་ཁྲོད་དུ་མི་༢༠༠་ལ་ཉེ་བ་ཞིག་འདས་གྲོངས་སུ་ཕྱིན་ཡོད་ཅིང་། དེ་ལས་མང་ཆེ་ཤོས་རྒྱ་མི་ཡིན་པ་རེད། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཕྱིའི་དགྲར་འཛིན་སྟོབས་ཤུགས་ཀྱིས་ངན་སྐུལ་བྱས་པ་ལས་བྱུང་བའི་ལྐོག་གཡོ་ཇུས་ངན་ཆེན་པོ་ཞིག་ཡིན་ཞེས་བཀྲལ།

ཡུ་གུར་བ་ཞིག་ཡིན་པ་དང་སྒྲོམ་གཞི་དེ་ལས་ཕྱི་ལོགས་སུ་ཐོན་ཟིན་པའི་ཡུ་གུར་བ་ཞིག་ཡིན་པའི་སྟབས་ཀྱིས་གནས་ཚུལ་ཚབས་ཆེན་དེ་འདྲ་མང་པོ་ཞིག་བརྒྱུད་དགོས་བྱུང་ཞིང་། དེར་བརྟེན་ཁོ་་མོར་སོ་སོའི་ནང་མི་དང་སོ་སོའི་མི་རིགས་ཀྱི་ཆེད་དུ་སྐད་ཆ་ཤོད་རྒྱུ་ནི་འགན་ཆེན་པོ་ཞིག་ཆགས་ཡོད་ཅེས་བརྗོད་འདུག

གལ་ཏེ་མི་ཚང་མས་ཅི་ཡང་མ་བསྒྲུབས་པར་ས་གནས་དེར་འབྱུང་བཞིན་པའི་དོན་དག་བཤད་མི་ཕོད་པ་དང་། བདེན་དཔང་རྙེད་ཀྱང་ཕྱི་ལ་བསྒྲགས་ནས་བདེན་པའི་དཔང་པོར་མི་ལངས་པར་སོ་སོ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་དངངས་སྐྲག་སྐྱེ་བཞིན་བསྡད་པ་ཡིན་ཚེ ཁྲིམས་མེད་ལུགས་མེད་ཀྱི་གནས་ཚུལ་དེ་དག་མུ་མཐུད་དུ་འབྱུང་ངེས་རེད། མི་ཚང་མས་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི་དོན་དངོས་ལ་ང་ཚོ་ཚང་མས་ཁྲིམས་མེད་ལུགས་མེད་རྒྱུན་འབྱམས་སུ་བཏང་བ་ངོས་ལེན་བྱས་ཡོད་པའི་རྟགས་མཚན་བསྟན་པ་རེད། དེ་ནི་འགན་འཁྲི་རྩ་བ་ནས་མི་ལེན་པའི་བྱེད་སྟངས་ཤིག་རེད་ཅེས་བརྗོད་འདུག

ཨ་སི་ཡེ་ཨབ་རྡུ་ལ་ཧེ་བྷིས་ཞིན་ཅང་ནང་ལོགས་སུ་ཡོད་པའི་མི་ཚོས་རང་གི་ཚེ་སྲོག་ལ་མ་འཛེམས་པར་ཡོད་ཚད་བློས་གཏོང་གིས་ཕྱི་ལ་ཡིག་ཆ་འདི་གཏོང་གནང་མཁན་གྱི་ཡུ་གུར་བ་དེ་དང་བསྡུར་ན་ངས་སྒྲུབ་བཞིན་པ་འདི་ཅི་གང་ཡང་མ་རེད་ཅེས་བརྗོད་འདུག

XS
SM
MD
LG