ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་མིའི་སྒྲིག་འཛུགས་ཀྱིས་བོད་པ་ཚོར་འགོག་ཁབ་རྒྱག་རྒྱུའི་སྟ་གོན།


༄༅།། ཕྱི་ཟླ་དང་པོའི་ཚེས་༡༦་ནས་བཟུང་སྟེ་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་གཙོས་ནད་ཡམས་ཀྱི་མདུན་སར་ཐོན་པའི་འཕྲོད་བསྟེན་ལས་སྣེ་ཚོར་འགོག་ཁབ་རྒྱག་འགོ་ཚུགས། དེའི་རྗེས་སུ་རང་ལོ་༥༠་བརྒལ་བ་རྣམས་དང་རིམ་བཞིན་མང་ཚོགས་བཅས་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་གི་ཡོད་པ་ལྟར་དེ་རིང་ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་གྱིས་བོད་པའི་གཞིས་སྒར་ཁག་གི་ནད་ཡམས་སྔོན་འགོག་བྱེད་མཁན་མི་བརྒྱ་ལྷག་ལ་སྨན་ཁབ་བརྒྱབ་ཟིན་ཡོད། རྒྱ་གར་རྒྱལ་ཡོངས་སུ་འགོག་ཁབ་རྒྱག་གི་ཡོད་པ་དེའི་ཁོངས་སུ་བོད་པ་བཙན་བྱོལ་བ་རྣམས་ཀྱང་གཅིག་མཚུངས་སུ་ཚུད་ཡོད་པས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་གི་འཕྲོད་བསྟེན་ལས་ཁུངས་ཁག་དང་དབུས་ཀྱི་འཕྲོད་བསྟེན་ལས་ཁུངས་གཉིས་ཀས་བོད་པ་ཚོས་གྲ་སྒྲིག་ཅི་ཞིག་བྱ་དགོས་མིན་དྲྭ་ལམ་དུ་ཚོགས་འདུ་བསྐོངས་ཏེ་མཐུན་འགྱུར་གྲ་སྒྲིག་ཆ་ཚང་བྱས་འདུག

ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་འགོག་བྱེད་ཟེར་བའི་དབྱིན་ཇིའི་འགོག་ཁབ་དེ་རྒྱ་གར་དུ་བཟོས་པ་དང་རྒྱ་གར་གྱི་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་གཉིས་རྒྱག་གི་ཡོད་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་དག་ཚོད་ལྟ་ཚད་ལྡན་ཞིག་བྱུང་མེད་དང་དེ་ལ་ཞོར་གནོད་ཚབས་ཆེན་འབྱུང་གི་ཡོད་པའི་གནས་ཚུལ་ཁག་ཅིག་འཐོན་བཞིན་ཡོད་པ་རེད། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཉེ་ཆར་ཕྱི་ཚེས་༡༨་ཉིན་བཞུགས་སྒར་གྱི་བོད་པའི་སྨན་པ་དང་སྨན་ཞབས་པ་མི་༡༠་ཐམ་པར་འགོག་ཁབ་བརྒྱབ་པའི་གྲས་སུ་ཡོད་ཅིང་། ཁོ་ཚོའི་གྲས་ཀྱི་མི་གཉིས་ལ་ལུས་པོར་གྲང་ཤུམ་བརྒྱབ་པའི་ཞོར་གནོད་ཕྲན་བུ་ཞིག་བྱུང་འདུག

སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་པ་ཚོར་རིམ་བཞིན་སྨན་ཁབ་རྒྱག་རྒྱུ་ཡིན་པས་ཛ་དྲག་གི་ཞོར་གནོད་རིགས་བྱུང་ཚེ། ཆུ་ཚོད་ཕྱེད་ཀའི་ནང་ཚུད་དུ་གནོད་རྟགས་ཕྱི་ལ་མངོན་རྒྱུ་དང་ས་གནས་སྨན་ཁང་ཁག་གིས་ཀྱང་སྨན་ཁབ་བརྒྱབ་པའི་རྗེས་སུ་མི་དེ་ཆུ་ཚོད་ཕྱེད་ཀའི་རིང་ལ་ཟུར་ཉར་བྱེད་ཀྱི་འདུག རྒྱ་གར་གཞུང་གིས་སྨན་ཁབ་དེ་མི་ཁག་ཅིག་ལ་རྒྱག་རྒྱུ་མིན་པའི་ལམ་སྟོན་བྱེད་ཀྱི་ཡོད་པར་བོད་པ་ཚོས་གཟབ་ནན་བྱ་དགོས་པའི་ནན་བརྗོད་བྱས་སོང་།།

དེ་རིང་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྨན་ཁབ་རིམ་པ་དང་པོའི་ཁོངས་སུ་མི་༣༠༠༠༠༠༠༠་ལ་འགོག་ཁབ་རྒྱག་འཆར་ཡོད་པར་མ་ཟད། དེ་ནི་ནད་དུག་རྩ་མེད་བཟོ་རྒྱུའི་གོམས་སྟབས་དང་པོ་དེ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ནད་ཡམས་ཁྱབ་གདལ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ལོ་སར་དུས་སུ་མི་ཚོགས་འདུ་འཛོམ་བྱུང་ན་བོད་པའི་སྤྱི་ཚོགས་སུ་ནད་ཡམས་ཁྱབ་གདལ་ཐེངས་གཉིས་པ་ཞིག་འབྱུང་སྲིད། དེ་ལ་ཚང་མས་ཡིད་གཟབ་བྱ་དགོས་པའི་ལམ་སྟོན་གནང་སོང་། ད་དུང་འདས་པའི་བདུན་ཕྲག་དེའི་ནང་དུ་རྒྱ་གར་དང་བལ་ཡུལ་གཉིས་སུ་ཏོག་དབྱིབས་ནད་དུག་འགོས་པའི་བོད་པ་༡༡་ལས་བྱུང་མེད། ད་ལྟའི་བར་དུ་ཁྱོན་བསྡོམས་བོད་པ་བཙན་བྱོལ་བ་༡༤༩༠་ལ་ནད་དུག་འགོས་ཀྱང་མི་༡༤༣༠་དྲག་སྐྱེད་བྱུང་སོང་། མི་༢༦་ལ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་མི་༣༩་ལ་འཆི་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG