ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༠༡

ཨ་རིའི་རྒྱ་མི་ཚོས་འཇིགས་སྣང་འོག་རང་དབང་ཤོར་བཞིན་པ།


Chinese In Los Angles
Chinese In Los Angles

ཨ་རིར་ཡོང་ནས་ལོ་༢༠་ལྷག་སོང་ཡོད་པ་བུད་མེད་པཱང་ནི་ད་ལྟ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གནས་བཅས་ཡོད་ཀྱང་། ཁོང་གི་ནང་མི་སྤུན་ཟླ་རྣམས་རྒྱ་ནག་ཏུ་ཡོད་འདུག བུད་མེད་པཱང་གིས། ལོ་ཁ་ཤས་ཀྱི་སྔོན་ལ་འཇིག་སྣང་གི་ཚོར་བ་དེ་མངོན་གསལ་དོད་པོ་མ་རེད། འོན་ཀྱང་ལོ་ལྔ་དྲུག་གི་གོང་ནས་དྲ་ལམ་དུ་བསམ་ཚུལ་སྤེལ་སྐབས་ཧ་ཅང་གཟབ་གཟབ་བྱེད་དགོས་བྱུང་། གལ་ཏེ་ཁྱེད་ཀྱིས་དྲ་ལམ་དུ་བསམ་ཚུལ་སྤེལ་ཚེ། རྒྱ་ནག་དམར་ཤོག་གཞུང་གིས་ཆེས་མཐོའི་འཕྲུལ་རིག་ལག་རྩལ་སྤྱད་དེ་རྩད་གཅོད་བྱེད་ཐུབ། དེའི་རྐྱེན་ཧ་ཅང་གཟབ་གཟབ་བྱེད་དགོས་པ་དང་ཡག་ཤོས་ལ་མིང་ངོ་མ་ཕྱི་གྱར་མ་བྱུང་བྱེད་དགོས། ཞེས་བརྗོད་འདུག

རྒྱ་ནག་དམར་ཤོག་གཞུང་གི་སྒེར་གཅོད་སྲིད་དབང་འོག་ནས་ཐར་ཏེ་ཨ་རིར་གནས་བཅས་པའི་མི་ཚོས་ཨ་རིའི་རང་དབང་དང་དམངས་གཙོ། ཁྲིམས་སྐྱོང་བཅས་ལ་ཉམས་སུ་མྱོང་གི་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་གསང་མྱུལ་དང་འཇིགས་སྐུལ་ལ་བརྟེན་ནས། ཨ་རིའི་ནང་གི་རྒྱ་མི་ཚོའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཐ་ན་སྨྲ་བརྗོད་རང་དབང་རྦད་དེ་བཙན་འཕྲོག་ཀྱང་བྱེད་བཞིན་ཡོད།

པཱང་ལགས་དང་ཐོག་ཨ་རིར་ཡོང་བའི་དུས་དེར་སྐད་འཕྲིན་གཙོས་སྤྱི་ཚོགས་དྲ་ལམ་ཁག་དེ་འདྲའི་དར་སྲོལ་མེད་པ་དང་། ཡང་ན་སྐབས་དེ་དུས་རྒྱ་ནག་གི་མགོ་ཁྲིད་ཅཱང་ཙེ་མིན་དང་ཧའུ་ཅིན་ཐོ་སོགས་ཅུང་ཙམ་ཀུ་ཡངས་པོ་ཡོད་པར་བརྟེན། ཚོར་སྣང་ལ་སྐབས་དེ་དུས་བསམ་ཚུལ་གང་འདྲ་བཤད་ཀྱང་རྒྱ་ནག་ཏུ་ཡོད་པའི་ནང་མི་སྤུན་ཟླའི་བདེ་འཇགས་ལ་བསམ་བློ་གཏོང་མི་དགོས་པ་དང་། རང་གིས་གང་བཤད་པར་བརྟེན་ནས་ནང་མིར་གནོད་སྐྱོན་ཐེབས་པ་དེ་འདྲ་བྱུང་གི་མེད་པ་རེད།

པཱང་གིས་བརྗོད་རྒྱུར། དེ་སྔོན་མ་མཐར་ཡང་ཚོར་སྣང་འདི་དང་འཇིགས་སྐྲག་འདིའི་རིགས་དེ་འདྲ་མངོན་གསལ་དོད་པོ་མེད། ཡིན་ན་ཡང་། ཞིས་ཅིན་པེན་གྱིས་སྲིད་དབང་བཟུང་བའི་ལོ་བཅུའི་རིང་ལ་འཕྲུལ་རིག་ཡར་རྒྱས་སོང་བ་དང་སྤྱི་ཚོགས་དྲ་ལམ་གྱི་ཁྱབ་ཁོངས་ཆེ་རུ་སོང་བ། དམར་ཤོག་ཚོགས་པའི་ལྟ་རྟོགས་དང་ཞིབ་བཤེར་སྔར་ལས་དམ་དྲག་ཕྱིན་པ། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་རིང་གི་དབང་བསྒྱུར་འོག་ཨ་རིའི་ནང་དུ་ཉེན་རྟོག་ཁང་སོགས་འཛུགས་སྐྲུན་བྱེད་པའི་ཞབས་ཞུའི་སྒྲིག་འཛུགས་དང་རྒྱ་ནག་གི་ཚོགས་པ་བཙུགས་ཏེ་དེ་ཚོ་སློབ་མ་དང་ཤེས་ཡོན་པའི་ཁྱབ་ཁོངས་ཀྱི་ཉུལ་ཞིབ་པར་འགྱུར་བཞིན་སོགས་ཀྱི་གནས་བབ་འོག པཱང་ལ་མཚོན་ན། བསམ་ཚུལ་སྤེལ་བའི་སྐབས་སུ་རང་བཞིན་གྱིས་བསམ་བློ་གཏོང་ས་དང་དོགས་སོན་བྱེད་ས་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རང་དོགས་སོན་དང་རང་ཚོད་འཛིན་བྱེད་དགོས་བྱུང་བ། རྒྱ་ནག་ཏུ་ཡོད་པའི་ནང་མིའི་བདེ་དོན་དང་ལྷག་པར་དུ་རང་ཉིད་ཕྱིར་རྒྱ་ནག་ཏུ་ལོག་སྐབས་བར་ཆད་དང་འགོག་རྐྱེན་མི་ཡོང་བའི་ཆེད་དུ་བསམ་བློ་མ་བཏང་རང་གཏོང་ཆགས་བཞིན་པ་རེད།

བུད་མེད་པཱང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། རྒྱ་རིགས་ཚོ་ཁག་དང་ཚོགས་པའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། ཕན་ཚུན་རྩིས་སྤྲོད་བྱེད་པར་དོགས་སོན་བྱེད་དགོས་པ། ལྷག་པར་དུ་རྒྱ་ནག་ལ་གཉེན་འཕྲད་དུ་བསྐྱོད་སྐབས་རྒྱ་ནག་གཞུང་གིས་སུན་བཙེར་ངང་། (ཇ་འཐུང་བར་)ཁྲིད་སྲིད་པ་སོགས་ཀྱི་དཀའ་ངལ་འཕྲད་སྲིད་པར་དོགས་སོན་བྱེད་དགོས་ཟེར། པཱང་གིས། སེམས་ཁྲལ་འདི་ཡོད། གལ་ཏེ་དེ་འདྲའི་གནས་ཚུལ་ཚབས་ཆེན་བྱུང་ཚེ་རྒྱ་ནག་གི་དཔོན་རིགས་ཚོས་ཁྱོད་ལ་ཉེས་མིང་བཀལ་ནས་འཛིན་བཟུང་བྱེད་ངེས། ངས་དྲ་ལམ་ནས་འདི་ལྟའི་དཔེར་བརྗོད་མང་པོ་མཐོང་སོང་། དེའི་རྐྱེན་ཡོངས་གྲགས་ཐོག་ནས་རྒྱ་ནག་གཞུང་གི་སྐོར་ལ་ལྟ་ཚུལ་བརྗོད་སྐབས་དོགས་སོན་ཆེན་པོ་བྱེད་དགོས་པ་གང་ཞིག་ལ། ད་དུང་ཐེ་ཚོམ་སྐྱེས་དགོས་པ་ཡོང་གི་འདུག་ཅེས་བརྗོད་འདུག་ལ། འཚོ་བ་སྐྱེལ་ས་རང་དབང་གི་ཨ་རིའི་ལུང་བ་ཡིན་ཡང་། སེམས་ནང་ལ་འཇིགས་སྣང་དང་དོགས་སོན་བྱེད་དགོས་བྱུང་བཞིན་པ་རེད།

ཨ་མེ་རི་ཀར་ཡོད་པའི་རྒྱ་རིགས་དཀྱུས་མ་ཚོས་ཨ་རིའི་དམངས་གཙོ་དང་རང་དབང་་གི་ཁོར་ཡུག་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་མྱོང་ཡང་། རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་པེན་གྱིས་སྨྲ་བརྗོད་རང་དབང་ལ་དམ་དྲག་སྔར་ལས་ཆེ་བ་བྱས་པ་དང་། སྐད་འཕྲིན་གཙོས་པའི་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་གྱི་སྨྲ་བརྗོད་ལ་ཚོད་འཛིན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། རྒྱ་ནག་མི་མང་གི་སྨྲ་བརྗོད་ལ་དབང་བསྒྱུར་དང་ཤུགས་རྐྱེན་སྤྲོད་པ་སོགས་ཀྱིས་ཨ་རིར་གནས་སྡོད་རྒྱ་མི་སྤྱི་དང་། ལྷག་པར་རྒྱ་ནག་ཏུ་ཁྱིམ་མི་དང་གཉེན་ཉེ་ཡོད་མཁན་ཚོར་ཨ་རིའི་ནང་དུ་སོ་སོའི་བསམ་ཚུལ་བཤད་པའི་རང་དབང་འཕྲོག་པའི་ཚོར་སྣང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། ཁོ་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྐད་ཆ་ཅི་ཞིག་བཤད་པ་དང་གནས་ཚུལ་ཅི་ཞིག་སྤེལ་ཡང་། ཁོ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སྐད་ཆ་དང་བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་ཏེ་སྐད་ཆ་ཉུང་དུ་གཏོང་དགོས་པ་དང་། རྒྱ་ནག་ཏུ་གནས་སྡོད་རྒྱ་མི་ཚོའི་ཁྱིམ་མི་དང་གཉེན་ཉེ་ཚོར་རྒྱ་ནག་གི་ཐོངས་མཆན་ཞུ་བ་དང་ཕྱིར་རང་ཡུལ་དུ་ལོག་པའི་སྐབས་སུ་དཀའ་ངལ་མི་ཡོང་བའི་སྔོན་འགོག་བྱེད་དགོས་བྱུང་གི་ཡོད།

ཨ་རིའི་ཁཱ་ལ་ཧྥོར་ནི་ཡར་གནས་སྡོད་རིག་གཞུང་མཁས་དབང་ཝུ་ཙོ་ལེ་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་རྒྱུར། ཨ་རིར་ཡོད་པའི་མི་མང་པོར་ཨ་རིའི་ནང་གཏན་སྡོད་ཡིག་ཆ་(Green Card) ཡོད་པ་དང་ཡང་ཁ་ཤས་ཨ་རིའི་མི་སེར་ཡིན་ཡང་། ཁོ་ཚོ་རྒྱ་ནག་ལ་ཕྱིར་ལོག་བྱས་ན་སྡུག་སྦྱོང་མྱོང་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོ་ཚོར་དོན་དག་མང་པོ་ཞིག་བྱུང་བས་ཁོ་ཚོས་སྐད་ཆ་དང་བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་དམར་ཤོག་ཚོགས་པར་ངོ་རྒོལ་གྱི་སྐད་ཆ་མི་བཤད་པར་གཟབ་གཟབ་བྱེད་ཀྱི་ཡོད། སྤྱིར་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་རྒྱལ་གྱི་མི་སྣར་ཤུགས་རྐྱེན་དང་བཀོད་འདོམས་བྱེད་རྒྱུ་སྔར་ནས་ཡོད་པ་རེད། འོན་ཀྱང་ཞིས་ཅིན་པེན་སྲིད་དབང་དུ་སླེབས་རྗེས་གནད་དོན་འདི་ཧ་ཅང་ཚབས་ཆེན་དང་ཛ་དྲག་ལ་གྱུར་ཡོད་འདུག

ཁོས་བརྗོད་རྒྱུར། ངས་ཤེས་ཚོད་ལྟར་ན། མི་མང་པོས་རྒྱ་ནག་ཏུ་ཡོད་པའི་རང་གི་བྱིས་པ་དང་། ཡང་ན་རང་གི་གཉེན་ཉེ་ཚོར་ཤུགས་རྐྱེན་ཐེབས་རྒྱུ་དང་ཡང་ན། རྒྱ་ནག་ནས་ཕྱི་ལ་ཐར་རྒྱུ་མ་རེད་བསམ་ནས་ཞེད་སྣང་གིས་སྐད་ཆ་བཤད་ཕོད་ཀྱི་མི་འདུག རང་དོགས་སོན་གྱི་གནས་སྟངས་དེ་ཛ་དྲག་ཆེན་པོ་རེད།

༢༠༢༣ ལོའིསྤྱི་ཟླ་༡་ཚེས་༡༠་ཉིན་ལ་ཨ་རིའི་རྒྱལ་ཡོངས་ཁྲིམས་ཞིབ་ཁང་གིས་བསྒྲགས་གཏམ་ཤིག་སྤེལ་ཏེ། ཨ་རིའི་ཁྲིམས་ཁང་ཞིག་གིས། རྒྱ་ནག་ནས་ཡོང་བའི་སློབ་པ་ཞིག་གིས་རྒྱ་ནག་གི་དམངས་གཙོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་ནང་གི་སློབ་མ་གཞན་ཞིག་ལ་དྲག་སྤྱོད་དང་འཇིགས་སྐུལ་བྱས་པའི་སྐོར་ལ་ཞུ་གཏུག་བྱས་པ་དང་། ཞུ་གཏུག་ཏུ་གསལ་བའི་བྷོ་སི་ཊོན་ཕཱར་ཁེ་སློབ་ཆེན་གྱི་ལོ་ན་ཉེར་ལྔ་ལ་སོན་པའི་རྒྱ་རིགས་སློབ་མ་ཝུ་ཞོ་ལི་ཡིས་རྒྱ་ནག་དམངས་གཙོ་ལ་འགྱུར་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་བུ་མོ་ཞིག་ལ་དྲ་ལམ་དང་སློབ་གྲྭའི་སྦྱར་པང་སོགས་སུ་འཇིགས་སྐུལ་གྱི་སྦྱར་ཡིག་བཀྲམས་པ་དང་། ད་དུང་སློབ་གྲྭའི་ཁོར་ཡུག་ཏུ་ང་ཚོ་ལ་རང་དབང་དགོས་ཞེས་བྲིས་ཡོད་པའི་སྦྱར་ཡིག་ལས་གློག་འཕྲིན་རྒྱུད་དེ་བུ་མོ་དམངས་གཙོ་ལས་འགུལ་བ་དེའི་ལག་པ་གཅོད་རྒྱུའི་འཇིགས་སྐུལ་བྱེད་པ། ཡང་རྒྱ་ནག་བདེ་འཇགས་ལྷན་ཁང་ལ་ཡར་ཞུ་བྱེད་ཡོད་ཚུལ། ལྷག་པར་དུ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མི་བུ་མོ་དེའི་ནང་མི་ལ་ཐུག་ཏུ་འགྲོ་ངེས་པའི་ཞེད་སྣང་སྐུལ་ཡོད་པ་བཀོད་ཡོད་འདུག

ཕྱི་རྒྱལ་ནས་རྒྱ་ནག་ལ་ལོག་མཁན་ཚོའི་ཁྲོད་དུ་སྔོན་མ་ཧྲང་ཧེ་སྒྱུ་རྩལ་རྩོམ་རིག་དཔར་བསྐྲུན་ཁང་གི་འགན་འཛིན་གཞོན་པ་ལིས་ཐེན་ཅཱ་ལོ་བཅུ་ལྷག་གི་གོང་ལ་ཐེ་ཝན་དུ་གནས་སྤོར་བ་དང་། ཐེ་ཝན་པཱ་ཆི་དཔར་བསྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་པ་རེད། ཁོང་གི་རྩོམ་སྒྲིག་བྱེད་པའི་དེབ་མང་པོ་ཞིག་རྒྱ་ནག་ཏུ་བཀག་སྡོམ་བྱས་ཡོད་པ་རེད། ཁོང་སྔར་ལོ་སྤྱི་ཟླ་༣་པར་ཧྲང་ཧེ་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་ཉེན་རྟོག་པས་གསང་བའི་ངང་འཛིན་བཟུང་བྱས་ཡོད་པ་རེད།

རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་སློབ་གླིང་གི་སློབ་མ་ཀྲང་ཅིན་ཅེ་སྤྱི་ལོ་༢༠༢༢་ལོའི་སྤྱི་ཟླ་༡༡་ནང་རྒྱ་ནག་རྒྱལ་ཡོངས་སུ་ཤོག་དཀར་ལས་འགུལ་སྤེལ་བ་དེར་མཉམ་ཞུགས་བྱས་པར་བརྟེན་སློབ་གྲྭས་བཙན་ཤེད་ཀྱིས་སློབ་གཉེར་མཚམས་འཇོག་བྱེད་དུ་བཅུག་པ་དང་། དེའི་རྗེས་སློབ་གྲྭ་ནས་ཕྱིར་སྤས་བཏང་ཡོད་པས་མཐར་ཀྲང་ཅིན་ཅེ་ནེའུ་ཛི་ལན་ཌིར་སློབ་སྦྱོང་དུ་འགྲོ་དགོས་བྱུང་ཡོད། ཡིན་ན་ཡང་ཁོང་གིས་ཤོག་དཀར་ལས་འགུལ་རྒྱུན་སྐྱོང་བྱེད་སྐབས་རྒྱ་ནག་གཞུང་གིས་ཀྲང་ཅིན་ཅེ་ཡི་ཕ་ཡུལ་ཅང་སའུ་ས་གནས་སྤྱི་བདེ་མི་སྣས་ཀྲང་ཅིན་ཅེ་ཡི་ཕ་རྒན་གྱི་ལས་ཀ་འཕྲོག་པ། གནོན་ཤུགས་ལ་བརྟེན་ནས་ཀྲང་ཅིན་ཅེ་ཡི་ཕ་མ་གཉིས་ཀྱིས་ཁོང་ལ་སློབ་ཡོན་སྐུར་རྒྱུ་མཚམས་འཇོག་བྱས་པ་མ་ཟད། ཀྲང་ཅིན་ཅེ་ཡི་ཕ་མ་གཉིས་རྒྱུད་དེ་ཀྲང་ཅིན་ཅེ་ལ་ཤོག་དཀར་ལས་འགུལ་གཙོས་པའི་རྒྱ་ནག་གཞུང་ལ་གནོད་པའི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་བྱུང་ཡོད།

རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ནང་(རྒྱལ་མཚམས་བརྒལ་བའི་དྲག་གནོན་)སོགས་ཀྱི་བྱ་སྤྱོད་སྤེལ་བ་དེར་ཨ་རིའི་གཞུང་གིས་སྣང་མེད་དུ་བཏང་མེད་པར། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་རྒྱ་ནག་གྲོང་གི་ཉེ་འཁྲིས་སུ་རྒྱ་ནག་གིས་གསང་བའི་ཉེན་རྟོག་ཁང་ཞིག་བཙུགས་ཡོད་པ་དང་དེ་ཡིས་ཨ་རིའི་ནང་གི་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་ཚོར་འཇིགས་སྐུལ་བྱས་བཞིན་པ་པའི་གནད་དོན་འདི་ལ་འབྲེལ་བ་ཡོད་པ་དོགས་གཞི་ཅན་གྱི་མི་གཉིས་ཨ་རིའི་དབུས་རྒྱལ་ཡོངས་ཁྲིམས་ཞིབ་ཁང་གིས་འཛིན་བཟུང་བྱས་ཡོད།

༢༠༢༣ ལོའི་ཟླ ༤ ཚེས ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ཉན་ཞིབ་ཚོགས་སྐབས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་སུ་རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་འགལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་སྣེ་ཁྲིད་པའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་འདི་ཨ་མེ་རི་ཀས་ཤེས་རྟོགས་བྱུང་ཡོད་ཅེས་ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པས་བརྗོད་ཡོད།

དཔྱད་བརྗོད་པ་ཝུ་ཙོ་ལེ་ཡིས་བརྗོད་ན། ཨ་མེ་རི་ཀའི་དབུས་ཁྲིམས་ཞིབ་ཁང་གི་རྣམ་འགྱུར་དེ་ཡིས་ཕྱི་རྒྱལ་གྱི་རྒྱ་ནག་འཐབ་ཤོག་གཅིག་གྱུར་ཁང་གི་མི་ཚོར་བརྡ་ལན་ཞིག་ཐེབས་ཡོད་ཀྱང་། ད་དུང་ཡང་ཨ་རིའི་གཞུང་ལ་ཆ་རྒྱུས་མེད་པའི་གནད་དོན་དང་གནས་ཚུལ་ཧ་ཅང་མང་པོ་ཡོད་པས། ཁོང་གི་དགོངས་ཚུལ་ལྟར་ན་མི་མང་ལས་འགུལ་བ་དང་དམར་ཤོག་གཞུང་ལ་རྒོལ་ལན་སློག་མཁན་ཚོས་གྲུབ་པའི་མཉམ་འབྲེལ་སྒྲིག་འཛུགས་ཤིག་བཙུགས་ཏེ་ཆེད་ལས་རང་བཞིན་གྱི་དམངས་གཙོའི་མི་སྣ་ཚོས་ཨ་རིའི་གཞུང་དང་མཉམ་ལས་གྱིས། དུས་ནས་དུས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སུམ་འཛུལ་དང་དབང་བསྒྱུར་འོག་ཚུད་པའི་མི་སྣ་དང་གནད་དོན་ཁག་སྙན་སེང་ཞུས་ཏེ་མངོན་གསལ་མེད་པའི་གནད་དོན་རྣམས་གསལ་བོ་བཟོ་དགོས་པ་འདི་གལ་ཆེན་པོ་ཡིན་འདུག

ཝུ་ཙོ་ལེ་ཡིས། ངས་ད་ལྟ་མི་མང་པོ་ཞིག་མཐོང་གི་འདུག མི་ཚོས་དྲ་ལམ་དུ་གནས་ཚུལ་རེ་སྤེལ་བར་བརྟེན་ནས། རྒྱ་ནག་ཏུ་ཡོད་པའི་ཁོ་ཚོའི་ནང་མི་ལ་རྒྱ་ནག་དམར་ཤོག་ཚོགས་པས་དཀའ་ངལ་དང་སུན་བཙེར་བྱེད་བཞིན་ཡོད། ཡིན་ཡང་གནད་འགག་འདི་ཨ་རིའི་གཞུང་གིས་མཐོང་མི་ཐུབ་ལ་ཤེས་ཀྱང་མི་སྲིད། གལ་སྲིད་དམངས་ཀྱི་སྒྲིག་འཛུགས་ཤིག་ཡོད་པའམ། ཡང་ན་ཚོགས་པ་མང་པོ་མཉམ་འབྲེལ་བྱེད་ནས་དེ་ལྟའི་གནས་ཚུལ་ནང་ཁུལ་ནས་ཐོ་འགོད་བྱེད་པ་དང་དཔེར་བརྗོད་གནད་དོན་རྣམས་ཕྱོགས་སྒྲིག་བྱེད་དེ་ཨ་རིའི་གཞུང་ལ་ཕུལ་ཚེ། ཨ་རིའི་གཞུང་གིས་ཐབས་ལམ་གང་རུང་གིས་རྒྱ་ནག་གཞུང་ལ་འདྲི་རྩད་བྱེད་ཆོག་གི་ཡོད་པ་མ་ཟད། རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་པ་དང་གཞུང་འབྲེལ་མི་སྣ་སོགས་ཨ་རིའི་་ཐཽ་གཞུང་ནག་པོའི་ཁུངས་སུ་བཅུག་ནས་ཉེས་ཆད་བཅད་པ་ཡིན་ན་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་འཇིགས་སྐུལ་དེ་ནུས་པ་ལྡན་པ་ཡོང་ཁག་པོར་འགྱུར་ངེས་ཤིང་། ཕར་སྤྲོད་ཚུར་སྤྲོད་ཀྱི་སྲིད་ཇུས་གཅིག་པ་བཟུང་ཚེ་ད་གཟོད་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་ཁ་གཏད་བཅག་པར་ནུས་པ་ཐོན་ངེས་པའི་དགོངས་ཚུལ་བཏོན་འདུག

གླེང་སྟེགས།

XS
SM
MD
LG